[A:121] འདོད་རྒུ་འབྱུང་བའི་གླིང༌། ཧོར་དང་རྒྱ་ནག་གི་ཡུལ་ནི་མེ་ཏོག་པདྨ་ཁ་བྱེ་བ་དང་འདྲ་སྟེ། ངོ་མཚར་ཆེ་བའི་གླིང༌། ཁ་བ་ཅན་བོད་ཀྱི་རྒྱལ་ཁམས་ནི། སྲིན་མོ་གན་རྐྱལ་དུ་འགྱེལ་བ་དང་འདྲ་སྟེ། ངམ་གྲོག་ཆེ། འདྲེ་སྲིན་མང༌། རི་ནག་ལ་རྩུབ། མུན་པའི་སྨག་རུམ་ཡིན་ནོ། །གཞན་ཡང་ཡུལ་གྲུ་ཆེན་པོ་བཅུ་དྲུག རང་རང་གི་དཔལ་འབྱོར་ལ་ལོངས་སྤྱོད་ཅིང་བདེ་བར་གནས་སོ། །དེའང་ཐོག་མར་རྒྱ་གར་གྱི་ཡུལ་ནི། མི་རྣམས་འོད་གསལ་ལྷ་ལས་ཆད་པ་ཡིན་ཏེ། ཚེ་ཚད་དཔག་ཏུ་མེད་པ་ཐུབ་པ། ཟས་སུ་བསམ་གཏན་གྱི་དགའ་བ་ཟ་བ། རྫུས་ཏེ་སྐྱེ་བ། ལུས་ལ་འོད་ཡོད་པ། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བ་གཟུགས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། དེའི་ཚེ་བདུད་རྩི་ས་བཅུད་ཅེས་བྱ་བ་ཁ་དོག་དཀར་པོ། རོ་སྦྲང་རྩི་དང་འདྲ་བ་ཡོད་པ་ཟོས་པས། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་མ་ཐུབ་ཅིང༌། བསམ་གཏན་གྱི་ཟས་མེད་དོ། །དེའི་རྗེས་ལ་སའི་ཞག་ཅེས་ཁ་དོག་དམར་སེར། རོ་སྦྲང་རྩི་དང་འདྲ་བ་ཞིག་བྱུང་ངོ༌། །དེ་ཡང་ནུབ་པ་དང༌། མྱུ་གུའི་ཚལ་བྱ་བའི་ཟས་བྱུང་ངོ༌། །དེ་ཡང་ཟད་པ་དང༌། མ་རྨོས་པའི་འབྲས་སཱ་ལུ་དག་བྱུང་ངོ༌། ། ཟས་དེ་རྣམས་དགོས་པའི་དུས་སུ་བླངས་ནས་ཟ་བ་ཡིན་པ་ལ་མི་ལེ་ལོ་ཅན་འགའ་ཞིག་གིས་ནངས་པར་གྱི་སྐལ་བ་དེ་རིང་ནས་བླངས་ཏེ་ཟོས་ནས། གཞན་རྣམས་ཀྱིས་ཀྱང་དེ་བཞིན་དུ་བྱས་པས། མ་རྨོས་པའི་འབྲས་ཀྱང་ཟད་དོ། །དེ་ནས་སོ་ནམ་གྱི་བྱ་བ་ལ་ཞུགས་ནས་ཡོད་པ་ལ། མི་གཅིག་གིས་བཏབ་པའི་ཞིང་གཞན་གྱིས་བསྡུས་ཏེ་ཟོས་པས། དེ་དག་རྣམས་མ་མཐུན་པར་རྩོད་པ་བྱེད་དོ། ། དེའི་ཚེ་མི་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཞིག་གིས་རང་རང་གི་དབང་རིས་ཀྱི་ས་ཆ་བགོས་ཏེ། འཐབ་རྩོད་མེད་པར་བྱས་པ་དང༌། མི་རྣམས་དེ་ལ་རབ་ཏུ་