R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 122
[A:122]དགའ་སྟེ། ཁ་འཆམ་པར་དཔོན་དུ་བསྐོས་ཏེ་ཁུར་བས་ན། མང་པོས་བཀུར་བའི་རྒྱལ་པོ་ཟེར་ཏེ། རྒྱ་གར་གྱི་རྒྱལ་པོ་ལ་སྔ་བ་དེ་ཡིན་ནོ། །དེའི་སྲས་འོད་མཛེས། དེའི་སྲས་དགེ་བ། དེའི་སྲས་དགེ་མཆོག དེའི་སྲས་གསོ་སྦྱོང་འཕགས་ཡིན་ཏེ། སྔོན་གྱི་རྒྱལ་པོ་སྡེ་ལྔ་ཟེར་རོ། །གསོ་སྦྱོང་འཕགས་ཀྱི་སྲས། ཁྱེའུ་ང་ལས་ནུ་ཡིན། དེའི་སྲས་མཛེས་པ། དེའི་སྲས་ཉེ་མཛེས། དེའི་སྲས་མཛེས་ཅན། དེའི་སྲས་མཛེས་ལྡན་ཡིན་ཏེ། འདི་རྣམས་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྔ་ཟེར་རོ། ། དེའི་སྲས་རྒྱལ་པོ་མཆོག་སྦྱིན། འདིའི་སྐབས་སུ་ཚེ་ལོ་བཞི་ཁྲི་པའི་དུས་ཡིན་པ། རྒྱལ་པོ་ཡབ་སྲས་འདི་གཉིས་ཀྱི་དུས་སུ་སངས་རྒྱས་འཁོར་བ་འཇིག་རྒྱ་གར་དུ་བྱོན་ནས་དམ་པའི་ཆོས་གསུངས་པ་ཡིན་ནོ། །རྒྱལ་པོ་མཆོག་སྦྱིན་གྱི་སྲས། རྒྱལ་པོ་ནོར་བུ། དེ་ནས་རྒྱལ་རབས་སུམ་བརྒྱའི་མཐར་ཀུན་ནས་འོད་ཅེས་བྱ་བའི་རྒྱལ་པོ་བྱུང༌། དེའི་སྲས་རྒྱལ་པོ་ཙནྡྷ། འདིའི་སྐབས་སུ་འཛམ་བུ་གླིང་པ་ཚེ་ལོ་སུམ་ཁྲི་པའི་སྐབས་ཡིན་པས་རྒྱལ་པོ་ཡབ་སྲས་འདི་གཉིས་ཀྱི་དུས་སུ་སངས་རྒྱས་གསེར་ཐུབ་རྒྱ་གར་དུ་བྱོན་ནས་དམ་པའི་ཆོས་གསུངས་པ་ཡིན་ནོ། །དེ་ནས་རྒྱལ་རབས་སུམ་བརྒྱའི་མཐར། རྒྱལ་པོ་རཏྣ་ཆེན་པོ། དེའི་སྲས་རྒྱལ་པོ་ཀྲི་ཀྲི་བྱོན་ཏེ། དེའི་སྐབས་སུ་འཛམ་བུ་གླིང་པ་ཚེ་ལོ་ཉི་ཁྲི་པའི་སྐབས་ཡིན་པས་རྒྱལ་པོ་ཡབ་སྲས་འདི་གཉིས་ཀྱི་དུས་སུ་སངས་རྒྱས་འོད་སྲུངས་འཇིག་རྟེན་དུ་བྱོན་ནས་དམ་པའི་ཆོས་གསུངས་པ་ཡིན་ནོ། །དེ་ནས་ཡུལ་གྲུ་འཛིན་དུ་རྒྱལ་རབས་ཉིས་བརྒྱ་འདས་པའི་རྗེས་སུ་རྒྱལ་པོ་རྣ་བ་ཅན་ཞེས་བྱ་བ་བྱུང༌། དེ་ལ་བུ་གཉིས་ཡོད་པ། ཆེ་བའི་མིང་གཽ་ཏ་མ། ཆུང་བའི་མིང་བྷ་ར་དྷྭ་ཛ། གཽ་ཏ་མ་རབ་ཏུ་བྱུང༌། བྷ་ར་དྷྭ་ཛས་རྒྱལ་པོ་བྱས་པས། སྲས་མ་འཁྲུངས་པར། བྷ་ར་དྷྭ་ཛ་ལོག་ལྟ་སྐྱེས་