R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 176
[A:176] དགུ་པ། འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་ལ་འོད་ཟེར་བཞི་འཕྲོས་པ་ལས། ཆོས་རྒྱལ་འཁྲུངས་པའི་སྐོར། དེ་ནས་འཕགས་པ་སྤྱན་རས་གཟིགས་ཀྱིས་བོད་ཁ་བ་ཅན་གྱི་སེམས་ཅན་རྣམས་འདུལ་བའི་དུས་ལ་བབ་པར་མཁྱེན་ནས། སྐུ་ལ་འོད་ཟེར་བཞི་འཕྲོས་ཏེ། དེའང་སྤྱན་གཡས་པ་ནས་འོད་ཟེར་གཅིག་འཕྲོས་དེ༑ བལ་པོའི་ཡུལ་དུ་སོང་བ། བལ་པོའི་ཡུལ་ཐམས་ཅད་འོད་ཟེར་གྱིས་ཁྱབ། བལ་པོའི་རྒྱལ་པོ་དེ་བ་ལྷ་ཡང་འོད་ཟེར་གྱིས་ཁྱབ་པར་བྱས། གྲོང་ཁྱེར་ཁོ་བོམ་ཀླུའི་ཕོ་བྲང་ཡང་འོད་ཟེར་གྱིས་སྣང་བར་བྱས་སོ། །དེ་ནས་འོད་ཟེར་དེ་རྣམས་འདུས་ནས། རྒྱལ་པོ་དེ་བ་ལྷའི་བཙུན་མོའི་ལྷུམས་སུ་ཞུགས་སོ། །དེར་ཟླ་བ་དགུ་ངོ་བཅུ་ལོན་པ་ན། ལྷ་གཅིག་ཁྱད་དུ་འཕགས་པ་ཞིག་འཁྲུངས་ཏེ། ལྷ་གཅིག་དེ་ནི་འཇིག་རྟེན་ལས་ཁྱད་དུ་འཕགས་པ། སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་ནས་ཧ་རི་ཙནྡན་གྱི་དྲི་བྲོ་བ། རིག་པའི་བསྟན་བཅོས་ཐམས་ཅད་ལ་མངའ་བརྙེས་པ་ཞིག་སྐུ་འཁྲུངས་ཏེ། དེ་ནི་བལ་མོ་བཟའ་ཁྲི་བཙུན་འདི་ཡིན་ནོ༑ ༑ཡང་སྤྱན་གཡོན་པ་ནས་འོད་ཟེར་གཅིག་འཕྲོས་པས་རྒྱ་ནག་གི་ཡུལ་དུ་སོང་སྟེ༑ རྒྱ་ནག་གི་ཡུལ་ཐམས་ཅད་འོད་ཟེར་གྱིས་ཁྱབ་པར་མཛད། རྒྱ་རྗེ་ཐའི་ཛུང་རྒྱལ་པོ་ཡང་འོད་ཟེར་གྱིས་ཁྱབ་པར་མཛད། ཕོ་བྲང་ཟེམ་ཤིང་ཁྲི་སྒོ་ཡང་འོད་ཟེར་གྱིས་ཁྱབ་པར་མཛད། དེ་ནས་འོད་ཟེར་དེ་རྣམས་འདུས་ཏེ། རྒྱ་རྗེ་བཙན་པོའི་བཙུན་མོའི་ལྷུམས་སུ་ཞུགས་སོ། །དེར་ཟླ་བ་དགུ་ངོ་བཅུ་ལོན་པ་ན། ལྷ་གཅིག་ཁྱད་དུ་འཕགས་པ་གཅིག་སྐུ་འཁྲུངས་ཏེ། ལྷ་གཅིག་དེ་ནི་འཇིག་རྟེན་ལས་ཁྱད་པར་དུ་འཕགས་པ། སྐུ་མདོག་སྔོ་ལ་དམར་བའི་མདངས་ཆགས་པ། ཞལ་ནས་ཨུཏྤལ་སྔོན་པོའི་དྲི་བྲོ་བ། རིགས་པའི་བསྟན་བཅོས་ཐམས་ཅད་ལ་མངའ་