[A:175]གཟིགས་བཞི་བཅུ་ལོན་དུས་འདས། །དེ་ཡི་བང་སོ་དོན་མཁར་མདའ་རུ་བརྩིགས། །གྲལ་ནི་ཁྲི་སྙན་གཟུང་བཙན་གཡོན་ན་ཡོད། །དེ་ཡང་འཕུལ་མེད་ས་ཕུང་བརྡལ་བ་འདྲ། །སྟག་རི་གཉན་གཟིགས་ཀྱི་སྲས་གནམ་རི་སྲོང་བཙན་ཡིན་ལ༑ རྒྱལ་པོ་འདིའི་དུས་སུ། རྒྱ་ནག་ནས་སྨན་དང་རྩིས་བྱུང༌། རྒྱ་དང་གྲུ་གུ་བཏུལ། བྱང་ནས་ཚ་རྙེད། སྐུ་མཁར་ཁྲི་བརྩིགས་འབུམ་བརྡུགས་བྱ་བ་བརྩིགས། ཆབ་སྲིད་ལོ་དྲུག་ཅུ་བཟུང་ནས་འདས་སོ། །དེ་ཡི་བང་སོ་དོན་མཁར་མདའ་རུ་བརྩིགས། །གྲལ་ནི་ཁྲི་སྙན་གཟུང་བཙན་གཡས་ན་ཡོད། །དེ་ཡང་འཕུལ་ཆེ་རྩིག་པ་སཽག་ཁར་ཡོད། །མིང་ཀྱང་གངས་རི་སོག་ཁ་ལགས་སོ་སྐད། །ཅེས་སོ། །དེ་ལྟར་ཕན་བདེ་ཐམས་ཅད་འབྱུང་བའི་གཞི་མ། བོད་རྒྱལ་པོའི་གདུང་རབས།
ཤེས་བྱ་རབ་གསལ་ནས། སངས་རྒྱས་མྱ་ངན་ལས་འདས་ནས། ལོ་ཉིས་སྟོང་དུས། རྗེ་གཉའ་ཁྲི་བཙན་པོ་བྱོན། ཉིས་སྟོང་ལྔ་བརྒྱ་ན། ལྷ་ཐོ་ཐོ་རི་སྙན་ཤལ་བྱོན་གསུང་བར་འདུག
རྗེ་གཉའ་ཁྲི་བཙན་པོ་ནས། ལྷ་ཐོ་ཐོ་རི་སྙན་ཤལ་ཡན་ལ་གདུང་རབས་ཉི་ཤུ་རྩ་བདུན་ལ་ལོ་ལྔ་བརྒྱ་སོང་འདུག་པར་ངེས་ཟེར་ནའང༌། ཆོས་དང་འབྲེལ་པའི་རྒྱལ་པོར་མི་འདུག་པས། ལོ་རྒྱུས་རྒྱས་པར་མ་བཀོད། ལྷ་ཐོ་ཐོ་རི་སྙན་ཤལ་གྱི་དུས་སུ། དམ་པ་ཆོས་ཀྱི་དབུ་བརྙེས། ལོ་བརྒྱ་དང་ཉི་ཤུ་ཐུབ། དེ་ནས་གདུང་རབས་བཞི། གནམ་རི་སྲོང་བཙན་ཡན་ལ། ལོ་བརྒྱ་དང་བཅུ་གཅིག་ལོན་པ་ཡིན་ཞེས་ཀ་ཚིགས་ཆེན་མོ་ན་བཤད་ཡོད་དོ། །འདི་དག་ནི་ཟུར་ཙམ་བསྡུས་པ་ཡིན་གྱིས། རྒྱས་པར་འདོད་ན་ཀ་ཚིགས་ཆེན་མོ་དང༌། བཀའ་ཆེམས་ཀ་ཁོལ་མ། རྒྱལ་རབས་དཔག་བསམ་ལྗོན་ཤིང་རྣམས་ལ་གཟིགས་ཤིག བོད་རྒྱལ་པོའི་གདུང་རབས་དང་པོ་ཇི་ལྟར་བྱོན་པ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།