[A:177]བརྙེས་པ་ཞིག་འཁྲུངས་ཏེ། དེ་ནི་རྒྱ་མོ་བཟའ་ཀོང་ཇོ་འདི་ཡིན་ནོ། །ཡང་ཞལ་ནས་འོད་ཟེར་གཅིག་འཕྲོས་ཏེ། བོད་ཁ་བ་ཅན་གྱི་རྒྱལ་ཁམས་སུ། བྲག་ལ་ཆུ་རྒྱག་པའི་འཕྲོང་ལ་ཕོག་པས། མཐའ་འཁོབ་འདུལ་བའི་གཉེན་པོ་གསང་བ་འབྲུ་དྲུག་ཆོས་སྐུའི་རྣམ་པར་གྱུར་ཏེ། དེ་ནི་ཡར་འཕྲང་གི་ཡི་གེ་དྲུག་པ་འདི་ཡིན་ནོ། ། ཡང་ཐུགས་ཀ་ནས་འོད་ཟེར་ཞིག་འཕྲོས་ཏེ། ཁ་བ་ཅན་གྱི་རྒྱལ་ཁམས་སུ་སོང༌། བོད་ཁ་བ་ཅན་གྱི་ཡུལ་ཐམས་ཅད་འོད་ཟེར་གྱིས་ཁྱབ་པར་མཛད། ཡང་བསྣོན་སྦྲ་སྟོད་ཚལ་ཡང་འོད་ཟེར་གྱིས་ཁྱབ་པར་མཛད། ཕོ་བྲང་བྱམས་པ་མི་འགྱུར་གླིང་ཡང་འོད་ཟེར་གྱིས་ཁྱབ་པར་མཛད། རྒྱལ་པོ་གནམ་རི་སྲོང་བཙན་ཀྱང་འོད་ཟེར་གྱིས་ཁྱབ་པར་མཛད་དོ། །དེ་ནས་འོད་ཟེར་དེ་རྣམས་འདུས་ཏེ། རྒྱལ་པོ་གནམ་རི་སྲོང་བཙན་གྱི་བཙུན་མོ་འབྲི་བཟའ་ཐོད་དཀར་མའི་ལྷུམས་སུ་ཞུགས་པ་དང༌། བཀྲ་ཤིས་པའི་ལྟས་ཀྱིས་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར་ཏོ། །དེར་ཟླ་བ་དགུ་ངོ་བཅུ་ལོན་པ་ན། སྲས་ཁྱད་པར་དུ་འཕགས་པ་ཞིག་མེ་མོ་གླང་གི་ལོ་ལ། ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ་སྐུ་བལྟམས་ཏེ། དབུ་ལ་སངས་རྒྱས་ཨ་མི་དྷེ་བ་བཞུགས་པ། ཕྱག་ཞབས་འཁོར་ལོས་མཚན་པ། དབུ་སྐྲ་མཐོན་མཐིང་དུ་ཡོད་པ་ཞིག་བལྟམས་སོ། །སངས་རྒྱས་རྣམས་ཀྱིས་བྱིན་གྱིས་རླབས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ་སྟེ༑ ས་ཡང་རྣམ་པ་དྲུག་ཏུ་གཡོས་སོ། །དེ་ཡང་མཐོང་ལུགས་རྣམ་པ་གསུམ་དུ་བྱུང་སྟེ། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་སྣང་བ་ལ། འཕགས་པ་སྤྱན་རས་གཟིགས་དེས། སྔོན་གྱི་སྨོན་ལམ་གྱི་མཐུ་ལ་བརྟེན་ནས། བོད་ཁ་བ་ཅན་པའི་སེམས་ཅན་རྣམས་སྨིན་གྲོལ་ལ་བཀོད་ནས། མཐའ་འཁོབ་ཀྱི་ཡུལ་འདིར། མུན་