R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 180
[A:180]པས། བློན་པོ་དབང་པོ་རྣོ་བ་བདུན་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་པས། མཐའ་འདྲེ་རྣམ་པ་གསུམ་ལ་ཐུག་ནས་ལོག་པས། དེ་ནས་ཐོན་མི་ཨ་ནུའི་བུ། ཐོན་མི་སམྦྷོ་ཊ་ཞེས་པ་ཡིད་གཞུངས་པ་དབང་པོ་རྣོ་བ། ཡོན་ཏན་དུ་མ་དང་ལྡན་པ་ཞིག་ཡོད་པ་ལ། གསེར་མང་པོ་བསྐུར་ནས་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་ངོ༌། །དེར་བློན་པོས་རྒྱ་གར་ལྷོ་ཕྱོགས་སུ་ཕྱིན་ཏེ། ཡི་གེའི་སྒྲ་ལ་མཁས་པ་བྲམ་ཟེ་ལི་བྱིན་ཞེས་བྱ་བ་ཡོད་ཟེར་བ་ཐོས་ནས། བྲམ་ཟེ་ག་ལ་བ་དེར་ཕྱིན་ཏེ། གུས་པར་ཕྱག་བཙལ་ཏེ་གསོལ་བ། ཐུགས་རྗེ་རབ་རྒྱས་རྣམ་འཕྲུལ་ལྷ་ཡི་རིགས། །ཡོན་ཏན་ལྡན་པས་བྲམ་ཟེའི་རིགས་སུ་འཁྲུངས། །ཚེ་སྔོན་ཡོན་ཏན་སྦྱངས་པ་སོང་བའི་མཐུས། །ལུང་རིགས་ཡི་གེའི་སྒྲ་ལ་ཕུལ་དུ་ཕྱིན། །མཁས་གྲུབ་རིག་འཛིན་བྲམ་ཟེ་ཆེན་པོ་ཁྱེད། །ཅུང་ཟད་བདག་ལ་དགོངས་ཤིང་གསན་དུ་གསོལ། །བདག་ནི་མཐའ་འཁོབ་བོད་ཀྱི་བློན་པོ་ཡིན། །བདག་གི་རྒྱལ་པོ་ཐུགས་རྗེ་ཆེན་པོ་ལགས། ། བཅུ་གསུམ་ལོན་ནས་རྒྱལ་ས་རབ་བཟུང་སྟེ། །རིན་ཆེན་ཁྲི་ཡི་སྟེང་དུ་བཞུགས་པའི་དུས། །འཁོར་འབངས་རྣམས་ལ་ཆོས་ཀྱིས་ཚིམ་པ་དང༌། །དགེ་བ་བཅུ་ཡི་རྒྱལ་ཁྲིམས་བཅའ་བ་ལ། །བདག་གི་ཡུལ་ན་ཡི་གེའི་སྲོལ་མེད་པས། །བདག་ལ་ཕྱག་རྟེན་རྒྱ་ཆེན་བསྐུར་ནས་ནི། ཁྱེད་ཀྱི་ཡུལ་དུ་ཡི་གེ་སློབ་ཏུ་བཏང༌། །མཁས་པ་ཁྱེད་ཀྱིས་སྒྲ་ཚད་ཡི་གེའི་ཚོགས། །མ་ལུས་བདག་ལ་གནང་བར་མཛད་དུ་གསོལ། །ཞེས་ཞུས་ནས། གསེར་རྣམས་ཕྱག་ཏུ་ཕུལ་བ་དང༌། བྲམ་ཟེ་ཆེན་པོ་དེས། གསེར་ཕྱག་ཏུ་བཞེས་ནས་ལན་མཛད་པ། ལེགས་པར་ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ། །ཐོན་མི་ཟེར་བའི་བློན་པོ་རིག་པ་ཅན། །བདེན་གཉིས་དོན་རྟོགས་བློན་ཆེན་ཁྱེད་ལ་ནི། །ཡི་གེའི་སྒྲ་དང་སྙན་ངག་ལ་སོགས་དང༌། །གཞན་ཡང་