[A:181]ཡོན་ཏན་ངོ་མཚར་ཅན་རྣམས་ཀུན། །བློན་ཆེན་ཁྱེད་ལ་བདག་གིས་བསླབ་པར་བགྱི། ཁྱོད་ཀྱིས་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་སུ། །འགྲོ་བ་རྣམས་ལ་ཡི་གེའི་སྒྲ་ཚད་དང༌། །ལུང་རིག་མན་ངག་རྣམས་ཀྱིས་ཚིམ་པར་མཛོད། །ཅེས་སྨྲས་ཏེ། རིན་པོ་ཆེའི་གཞལ་ཡས་ཁང་དུ་ཁྲིད་ནས་ཡི་གེའི་འབྲུ་བསྟན་པས། དེར་བློན་པོ་ཐོན་མིས་རིག་པའི་རྩལ་ཕྱེས། ཤེས་རབ་ཀྱི་སྒྲོན་མེ་བཏེག་ནས་ཡི་གེ་བསླབས་པས། ན་ག་རའི་སྡེ་ཚན། ག་ཏའི་སྡེ་ཚན་རྣམས་མང་དུ་ཡོད་པ། བོད་ལ་མི་འགྱུར་བས་དབྱངས་ཡིག་ལ་བཀོད། ལཱཉྪ་ལྷའི་ཡི་གེ ཝརྟུ་ལ་ཀླུའི་ཡི་གེ ལྷུན་གྲུབ་ཚང་མ་བོད་ཀྱི་ཡི་གེ་ལ་བཀོད། རྒྱ་ཡི་ཡི་གེ་ལྔ་བཅུ་ནི། །ཡི་གེ་གཙོ་བོ་སུམ་ཅུ་ལ། ། འཕུལ་ཡིག་བཅུ་དང་མཐའ་རྟེན་བཅུ། །རྒྱ་ཡི་ཡི་གེ་རེ་རེ་བཞིན། །རང་གང་སྤྱོད་པ་མ་གཏོགས་པ། །ཀུན་ལ་ཁྱབ་པ་གཅིག་ཀྱང་མེད། །དེ་དག་ཐམས་ཅད་ཁོང་དུ་བསྡུས། །དེ་ལ་དཔེ་བྱས་བསྡུས་པ་ནི། །བོད་ཡིག་སུམ་ཅུ་གཏན་ལ་ཕབ། །ཡི་གེའི་འབྲུ་ནི་རེ་རེ་བཞིན། །བཟོའི་རྣམ་འགྱུར་ལེགས་པར་བཅོས། །ཡི་གེའི་གཙོ་བོ་ཉི་ཤུ་ལ། །ཀ་ཁ་ཅ་ཆ་ཇ་ཉ་ཏ་ཐ་པ་ཕ་ཙ་ཚ་ཛ་ཝ་ཞ་ཟ་ཡ་ཤ་ཧ་ཨ། མེད་ཀྱང་རུང་བའི་ཡིག་འབྲུ་གཅིག ཝ། འཕུལ་ཡིག་ལྔ་དང༌། ག་ད་བ་མ་འ། མཐའ་རྟེན་བཅུ། ག་ད་བ་མ་འ་ང་ན་ར་ལ་ས། ཤིན་ཏུ་གཅེས་པའི་ཡི་གེ་ལྔ། ག་ད་བ་མ་འ། རྐང་པ་ཅན་གྱི་ཡི་གེ་དགུ། ཀ་ག་ཏ་ད་ན་ཉ་ཞ་ཤ་ཧ། རྒྱ་ལ་མེད་པའི་ཡི་གེ་དྲུག ཅ་ཆ་ཇ་ཞ་ཟ་འ། ཡི་གེ་བུ་ནི་བཅུ་དྲུག་ལ། ཀ་ག་ང་ད་ཏ་ན་པ་བ་མ་ཅ་ཇ་ཉ་ཙ་ཛ་ལ་ཧ། ཡི་གེ་མ་ནི་བདུན་དུ་བཅོས། ཀ་ག་བ་ཟ། ཀུན་གྱི་མ་ནི། ར་ལ་ས།
འདོགས་ཐམས་ཅད་ཀྱི་མ་གསུམ།
ལ་ལ་སྒོས་སུ་མ་བཞི་ཡོད། ཀ་ག་བ་ཟ་ལའི་མ། ཡིག་འབྲུ་བཞི་པོ་འདི་ལ། ལ་ཁོ་ན་འདོགས།
ལ་ལ་སྒོས་སུ་བུ་གཉིས་ཡོད། །ཅ་དང་ཧ་གཉིས་ལ་ཡི་བུ། །