[A:179]ཟེར་ཁ་དོག་སྣ་ཚོགས་པ་ཞིག་ཁྲ་ཅམ་མེ་འདུག་པ་བློན་པོ་སྣ་ཆེན་པོས་མཐོང་ནས། རྒྱལ་པོ་ལ་ཞུས་པ། རྗེ་ཅི་ལགས། ཆུའི་ནང་དུ་འོད་ཟེར་འདི་ལྟ་བུ་འོང་བ་ཤིན་ཏུ་ངོ་མཚར་ཆེ་ལགས་ཞུས་པས། རྒྱལ་པོའི་ཞལ་ནས་ཞང་བློན་ཆེན་པོ་ཉོན་ཅིག མཐའ་འཁོབ་ཁ་བ་ཅན་གྱི་ཡུལ་འདིར་སེམས་ཅན་ཐམས་ཅད་སྨིན་གྲོལ་ལ་འགོད་པའི་ལམ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་བསྡུས་པའི་ངོ་བོ༑ ཕན་བདེ་དང་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས། མཐའ་འཁོབ་འདུལ་བའི་གཉེན་པོ། ཁ་བ་ཅན་པའི་ཆོས་སྐལ། ཡང་སྙིང་འདུས་པའི་སྙིང་པོ། གསང་བ་འབྲུ་དྲུག་ཆོས་ཀྱི་སྐུའི་ཡིག་འབྲུ། གསུང་མཆོག་ཡི་གེ་དྲུག་མ་གཅིག་བྲག་འདི་ལ་འབྱོན་པར་འདུག འདིས་ཀྱང་སེམས་ཅན་མང་པོའི་དོན་བྱེད་པར་འདུག་གོ་གསུངས་ཏེ། བྲག་དེ་ལ་མཆོད་པ་ཕུལ་བ་དང༌། བྲག་དེ་ལས་འོད་ཟེར་སྣ་ཚོགས་པ་འཕྲོས་ཏེ། ཕ་རོལ་གྱི་བྲག་དེ་ལ་ཕོག་ནས། ཕན་ཚུན་འཇའི་མདངས་སུ་འབྲེལ་པས་ན། གྲོང་དེའི་མིང་ཡང་འཇའ་མདངས་བྱ་བ་ཡོད་དེ། བྲག་དེ་ལའང༌།
སྤྱན་རས་གཟིགས་ཁར་ས་པ་ཎི། དཔལ་རྟ་མགྲིན་ལ་སོགས་པ། རྟིང་དུ་བལ་པོའི་ལྷ་བཟོ་བས་འབུར་དུ་བརྐོས།
ལྷའི་སྐུ་རང་ཆས་སུ་བྱོན་ཡོད་དོ། །དེ་ནས་བྱོན་ཏེ་དམར་པོ་རིའི་སྟེང་དུ་ཕོ་བྲང་བཏབ་ནས་བཞུགས་སོ། །འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་ལ་འོད་ཟེར་བཞི་འཕྲོས་པ་ལས། ཆོས་རྒྱལ་འཁྲུངས་པའི་ལེའུ་སྟེ་དགུ་པའོ།། །།
བཅུ་པ། བློན་པོ་ཐོན་མིས་རྒྱ་གར་ནས་ཡི་གེ་བསྒྱུར་བ་ལས། རྒྱལ་པོས་དགེ་བ་བཅུའི་ཁྲིམས་བཅས་པའི་སྐོར། དེ་ནས་ཆོས་དགེ་བ་བཅུ་ལ་བརྟེན་པའི་རྒྱལ་ཁྲིམས་འཆའ་བ། འདོད་ཡོན་ལྔ་སྤེལ་བ། ཕན་ཚུན་དུ་སྐྱེས་བསྐུར་བ། མངའ་འོག་གི་འབངས་རྣམས་ལ་ཆོས་ཀྱི་བཀའ་བསྒོ་བ་ལ། བོད་ན་ཡི་གེ་མེད་