R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 183
[A:183]ཏན་དུ་མ་ལ་མཁས་པར་གྱུར་ཏོ། །དེ་ནས་བློན་པོ་བོད་དུ་བྱོན་པའི་དུས་སུ། བྲམ་ཟེ་ལ་གསོལ་བ། ཐུགས་ལ་བཏགས་སོ་རྒྱལ་བའི་སྲས། །བཀའ་དྲིན་ཆེའོ་ངོ་མཚར་ཆེ། །བྱིན་གྱིས་རློབས་ཤིག་ཐུགས་རྗེ་ཅན། །རིག་པ་དྲི་མེད་ཀྱི་ནམ་མཁའ་ལ
༑༑
ཐབས་ཤེས་གཉིས་ཀྱི་རྒྱུ་སྐར་ཤར། །སྨོན་ལམ་དག་པའི་ཆུ་འཛིན་འཁྲིགས།། སྒྲ་ཚད་ཡི་གེའི་ཉི་ཟླ་ཤར། །འགྲོ་བ་མ་རིག་མུན་པ་སེལ། །བདེ་གསལ་ཡིད་ཀྱི་རྒྱ་མཚོ་ལ། །རིག་པ་བློ་ཡི་ཆུ་བྲན་འཁོར། །སྨོན་ལམ་དག་པའི་ཆུ་བྱ་ལྡིང༌། །སྒྲ་ཚད་ཡི་གེའི་ནོར་བུ་བཞུགས། །འགྲོ་བའི་དབུལ་ཕོངས་སེལ་བར་བྱེད། །སྒྱུ་ལུས་དྲི་མེད་སྡོང་པོ་ལ། །ཐབས་ཤེས་གཉིས་ཀྱི་ཡལ་ག་རྒྱས། །བསླབ་ཤེས་ཡོན་ཏན་མེ་ཏོག་ཤར། །སྒྲ་ཚད་ཡི་གེའི་འབྲས་བུ་སྨིན། །བདག་ཅག་བློན་པོ་ཐོན་མི་ལ། ། མ་ལུས་གནང་བ་ཐུགས་ལ་བཏགས། །རྒྱ་གར་ཡུལ་དུ་ཕྱིན་པ་ཡིན། །མཁས་གྲུབ་ཁྱེད་དང་མཇལ་བ་ཡིན། །ཡོན་ཏན་གཞི་མ་ཡི་གེ་ཡིན། །མ་ལུས་ཁོང་དུ་ཆུད་པ་ཡིན། །བོད་ཡུལ་དབུས་སུ་འགྲོ་བ་ཡིན། །རྒྱལ་པོས་དགའ་སྟོན་མཛད་པ་ཡིན། །རྒྱལ་སྲིད་ཆོས་བཞིན་སྐྱོང་བ་ཡིན། །རྒྱལ་པོས་དབུ་མཛད་བློན་འབངས་ལ༑ ༑སྒྲ་ཚད་ཡི་གེ་སྤེལ་བ་ཡིན། །ཀུན་ལ་རྒྱས་པར་བྱེད་པ་ཡིན། །ཐུགས་ལ་བཏགས་སོ་རྒྱལ་བའི་སྲས། །ཞེས་བརྗོད་དེ། ཞབས་སྤྱི་བོས་བླངས། ཐེག་པ་ཆེན་པོའི་ཆོས་དུ་མ་དང་བཅས་ཏེ་བོད་དུ་ཕེབས། བསུ་བ་དགའ་སྟོན་བསམ་གྱིས་མི་ཁྱབ་པ་བྱས། རྒྱལ་པོ་དགའ་སྟོན་གྱི་གདན་སར་བྱོན་པ་ལ། བློན་པོ་ཐོན་མིས། ན་རོ། གི་གུ། ཞབས་ཀྱུ་སོགས་སྡེ་ཚན་དུ་བྱས་ཏེ། ཡི་གེའི་ཕུད་ཕུལ་བ། ཞལ་རས་གསལ་ལ་ངང་མདངས་གང་བ་བཟང༌། །གདམས་ངག་ཟབ་ལ་མ་ཆད་ཐ་དད་དང༌། །ལས་ངན་བག་ཆགས་ཐམས་ཅད་བསལ་མཛད་པ། །འཕགས་པ་མ་