R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 184
[A:184]ཕམ་ཡང་དག་དམ་པ་ལགས། །བདེ་གཤེགས་བདེན་ངེས་ཡེ་ཤེས་ཏེ། །ཏིང་འཛིན་ཞི་ཉིད་རིག་ཅིང་གཟིགས། །ཉོན་མོངས་ཚོགས་བཅོམ་མགོན་པོ་མཆོག ། དུག་གསུམ་བདུད་འདུལ་ཀུན་ཏུ་ཐུལ། །
ཐོན་མིའི་ཡི་གེའི་ཕུད་འདི། ཛེན་ཁོག་སྣ་རྡོའི་ལྷ་ཁང་ལ་བྲག་ལ་བརྐོས་ནས་ཡོད་དོ། །
སྤྱན་རས་གཟིགས་དབང་ཐུགས་ཀྱི་སྲས། །སྲོང་བཙན་སྒམ་པོར་མཚན་གསོལ་བའི། །ཆོས་རྒྱལ་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པ་དང༌། རྒྱལ་པོ་ཤིན་ཏུ་དགྱེས་ནས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་དགོངས་ནས། བཀུར་སྟི་དང་ཕུ་དུད་དུ་མཛད་དོ། །རྒྱལ་པོས་བློན་པོ་ལ་ཡོན་ཏན་ཆེ་བའི་བཀུར་སྟི་མཛད་པ་དང༌། བློན་པོ་གཞན་རྣམས་ཕྲག་དོག་གིས་ཀུན་ནས་བསླངས་ཏེ། རྗེ་ཡིས་འབངས་ལ་འདི་ལྟ་བུའི་བཀུར་སྟི་མི་འོས་སོ་ཞེས་དྲིལ་བསྒྲགས་པ་དང༌། བློན་པོ་ཐོན་མིས་དེ་དག་གི་འགྲན་སེམས་གཅོག་པའི་ཕྱིར་དུ། འདི་སྐད་ཟེར་རོ། །ང་དྲིན་ཆེན་གྱི་བློན་པོ་ཐོན་མི་ངས། །ལམ་བགྲོད་པར་དཀའ་བའི་རྒྱ་གར་དུ། །ལུས་ཚ་གྲང་ཆེ་ཡང་དཀའ་བ་སྤྱད། ཁོང་མཁས་པ་བྲམ་ཟེ་ལི་བྱིན་ལ། །ཡིད་གུས་པའི་ཚུལ་གྱིས་མོས་གུས་བྱས། །ནོར་རིན་ཆེན་གསེར་གྱི་ཕྱག་རྟེན་ཕུལ། །དོན་རྙེད་པར་དཀའ་བའི་ཡིག་འབྲུ་བསྟན། །བློ་ཐེ་ཚོམ་སེལ་བའི་མཛུབ་ཁྲིད་བྱས། །ཚིག་དབྱངས་ཡིག་རྣམས་ལ་མཁས་པར་བསླབས། །རྒྱ་ཡིག་ལྔ་བཅུ་ཐམ་པ་དེ། །བོད་ཡིག་སུམ་ཅུར་གཏན་ལ་ཕབ། །རང་མཁས་པའི་ངེས་ཤེས་བློ་ལ་ཤར། །འཕྲལ་ཡོན་ཏན་ཐམས་ཅད་ཁོང་དུ་ཆུད། །དུས་ད་ལྟ་དགའ་ལ་ཕྱི་མ་སྐྱིད། །ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར། །མི་མཁས་པ་སླེབ་པའི་སྔ་མ་ཡིན། །ང་མུན་པ་སེལ་བའི་སྒྲོན་མེ་ཡིན། །རྗེ་རྒྱལ་པོ་ཉི་ཟླའི་ཚུལ་དུ་བཞུགས། །གྲོགས་བློན་པོའི་ཁྲོད་ན་ང་ཙམ་མེད། །བོད་ཁ་བ་