[A:192] གླང་པོ་ཆེའི་འོག་ཏུ་ཙནྡན་འོང་བ་ཅི་ལགས་ཞུས་པས། དགེ་སློང་གི་ཞལ་ནས། དབྱར་ཚད་པས་གདུང་བའི་དུས་སུ་ཙནྡན་གར་ཡོད་རྣམས་བསིལ་བ་ཡིན་ཞིང༌། ཙནྡན་གྱི་ལོ་མས་ཀྱང་ཚད་པའི་སྡུག་བསྔལ་སེལ་བ་ཡིན་པས། གླང་པོ་ཆེས་ཙནྡན་གར་ཡོད་ངོ་ཤེས་ནས་ཚད་པ་བྱུང་ཚེ་དེའི་སྟེང་དུ་ཉལ་བ་ཡིན་གསུངས་སོ།། དེར་གླང་པོ་ཆེ་དེ་རྣམས་དཀྲོགས་ནས། དེའི་འོག་གི་བྱེ་མ་བརྐོས་པ་དང༌། ཙནྡན་སྦྲུལ་གྱི་སྙིང་པོའི་སྡོང་པོ་ཞིག་འདུག་གོ །དེར་ཡང་རྒྱལ་པོའི་ཞལ་ནས། མིའི་ཡུལ་ན་ཙནྡན་སྦྲུལ་གྱི་སྙིང་པོ་མི་འོང་བ་ལ། འདིར་འོང་བ་ཅི་ལགས་ཞུས་པས། དགེ་སློང་གི་ཞལ་ནས། སྔོན་སངས་རྒྱས་འཁོར་བ་འཇིག་འཇིག་རྟེན་དུ་བྱོན་པའི་དུས་སུ། ཉན་ཐོས་དགྲ་བཅོམ་པ་ཞིག་གི་རྫུ་འཕྲུལ་གྱིས་འོག་མིན་དུ་བྱོན་ནས། ཙནྡན་སྦྲུལ་གྱི་སྙིང་པོའི་གང་བུ་ཞིག་བླངས་བྱོན་པས། དེའི་ནང་ན་འབྲུ་བཞི་འདུག་པ་ལ། འབྲུ་གསུམ་སངས་རྒྱས་འཁོར་བ་འཇིག་ལ་ཕུལ། འབྲུ་གཅིག་ཇོ་བོ་ཁརྶ་པ་ཎི་ལ་ཕུལ་ནས་དབུའི་སྤྱི་གཙུག་ཏུ་བཞག་པས། རླུང་གིས་བསྐྱོད་དེ་སྐུ་རྒྱབ་ཏུ་ལྷུང༌། དེ་སས་ནོན་པའི་ཐོག་ཏུ་ཚེས་བཅོ་ལྔའི་ནུབ་མོ་ཞིག མཁའ་འགྲོ་མ་རྣམས་ཀྱིས་བདུད་རྩི་འཕོ་བས་བརླན་ནས་མྱུ་གུ་བྱུང༌། སངས་རྒྱས་གསེར་ཐུབ་འཇིག་རྟེན་དུ་བྱོན་ཚེ་མེ་ཏོག་རྒྱས། སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་ཚེ་འབྲས་བུ་སྨིན། སངས་རྒྱས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་ནས་སྡོང་པོ་ཆེན་པོར་གྱུར་ཡོད་པ་ལས། ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ཚེ། སྡོང་པོ་དེ་འགྱེལ་ནས་བྱེ་མས་ནོན་པ་ཡིན་གསུངས་སོ། །དེར་བྱེ་མའི་འོག་ནས་སྡོང་པོ་དེ་བཏོན་ནས། ཡལ་ག་རྣམས་བཅད། སྡོང་པོ་དེ་ལ་སྲུབ་བཞིར་འདུག་པ་ལ། དེ་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ནས།