R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 191
[A:191]དང༌། དགེ་སློང་འབྱོན་དུ་མ་གནང་སྟེ། ནན་གྱིས་ཞུས་པས། དགེ་སློང་གི་ཞལ་ནས། ངས་ཇི་ལྟར་ཟེར་བའི་ཁ་ལ་ཉན་ན་ཁྱེད་ཀྱི་ཕོ་བྲང་དུ་འོང༌། མི་ཉན་ན་མི་འོང་གསུངས་པས། རྒྱལ་པོས་དགེ་སློང་གིས་ཇི་ལྟར་གསུངས་པ་ལ་ཉན་པར་མཛད་ནས། རྒྱལ་པོའི་ཕོ་བྲང་དུ་བྱོན་ནས་མཆོད་གནས་མཛད་དོ། །དེར་དགེ་སློང་གི་ཞལ་ནས། ཁྱེད་སྔར་ནང་པ་སངས་རྒྱས་པ་ཡིན་པར་འདུག་པ་ལ། ཕྱི་རོལ་པའི་ཆོས་ལུགས་འདི་བསྒྱུར་ནས། ནང་པ་སངས་རྒྱས་པའི་ལུགས་སུ་གྱིས་ལ༑ དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ཤིག་ཅེས་གསུངས་པས། རྒྱལ་པོས་དེ་བཞིན་དུ་ཞལ་གྱིས་བཞེས་སོ། །ཡང་དགེ་སློང་གི་ཞལ་ནས། རྒྱལ་པོ་ཁྱེད་ཀྱིས་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་ཤིག ལྷ་ཁང་དེ་རྣམས་ཀྱི་ནང་དུ་ཙནྡན་སྦྲུལ་གྱི་སྙིང་པོ་དང༌། ཙནྡན་གོར་ཤི་ཥའི་སྐུ་བརྒྱ་རྩ་བརྒྱད་བཞེངས་ཤིག་ཅེས་གསུངས་པས། རྒྱལ་པོའི་ཞལ་ནས། ཙནྡན་སྦྲུལ་གྱི་སྙིང་པོ་ནི་འོག་མིན་ན་ཡོད་པས་ང་ལ་ལེན་པའི་མཐུ་མེད། ཙནྡན་གོར་ཤི་ཥ་མ་ལ་ཡའི་བྱང་ཕྱོགས་ན་དུག་སྦྲུལ་གདུག་པ་ཅན་གྱིས་འཁྲིལ་ཡོད་པས། ངས་ལེན་མི་ནུས། ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་པས་ཆོག་ཟེར་རོ། །ཡང་དགེ་སློང་གི་ཞལ་ནས། ཙནྡན་སྦྲུལ་གྱི་སྙིང་པོ་ང་ལ་རྒྱུས་ཡོད་པས་ལེན་དུ་འགྲོ་དགོས། ཁྱེད་ཀྱིས་འཁོར་གཡོག་ལག་ཆ་དང་བཅས་པ་ཐོང་ཞིག་གསུངས་པས། དེར་རྒྱལ་པོ་ཡོན་མཆོད་འཁོར་དང་བཅས་པ་སིངྒ་ལའི་རྒྱ་མཚོའི་འགྲམ་དུ་བྱོན་པ་དང༌། རྡོའི་ཁརྶ་པ་ཎི་རང་བྱོན་དེའི་སྐུ་རྒྱབ་ན་གླང་པོ་ཆེ་མང་པོ་ཉལ་འདུག་གོ །དེར་དགེ་སློང་གི་ཞལ་ནས། གླང་པོ་ཆེ་འདི་རྣམས་ཀྱི་ནང་ནས་ཁ་ཤར་དུ་ལྟ་བ། སྣ་དམར་བ། འཇིང་ཁུང་ན་གི་ཝང་གི་ཟར་བུ་ཡོད་པ་འདིའི་འོག་ན། ཙནྡན་སྦྲུལ་གྱི་སྙིང་པོ་ཡོད་དོ་གསུངས་པས། རྒྱལ་པོའི་ཞལ་ནས།