R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 193
[A:193] སླར་སྡོང་པོ་དེ་ལ་ཐིམ་པ་དང༌། དལ་བུས་ཆོད་ཅིག་བྱ་བའི་སྒྲ་བྱུང་ངོ༌། །དེར་སྡོང་པོ་དེ་ཚལ་པ་བཞིར་གཤགས་པའི་ནང་ན། འཕགས་པ་སྤྱན་རས་གཟིགས་ཡིད་བཞིན་གྱི་ནོར་བུ་ཞལ་བཅུ་པ། ཞི་ཞལ་གསུམ། ཁྲོ་ཞལ་བདུན། ཞི་རྒྱས་དབང་དྲག་གི་ཕྲིན་ལས་འགྲུབ་པ། དེའི་སྟེང་ན་ཨ་མི་དྷེ་བ་བཞུགས་པ། རྩ་ཕྱག་བཅུ་པོ་ཕྱག་མཚན་དང་བཅས་པ། འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོ་བ་ཞིག་བྱོན་ནོ།། ཙནྡན་དེ་ལ་ཚལ་པ་བརྒྱ་རྩ་བརྒྱད་བྱས། སྐུ་བརྒྱ་རྩ་བརྒྱད་བཞེངས་ཏེ། ལྷ་ཁང་བརྒྱ་རྩ་བརྒྱད་དུ་བཞུགས་སོ། །དེ་ནས་ཡང་ཙནྡན་གོར་ཤི་ཥ་ལེན་པ་ལ། དུས་སྐབས་དང་བསྟུན་ཏེ་གླང་རྫིས་བསྟན་ནས་གོར་ཤི་ཥ་བླངས། སྔ་མ་ལྟར་བྱས་སོ།། དེ་ནས་དགེ་སློང་གིས་མཆོད་རྟེན་པདྨའི་བུམ་པའི་ནང་ནས། སངས་རྒྱས་རབས་བདུན་གྱི་རིང་བསྲེལ་བྲེ་གང་བསྣམས་ནས་སླར་རྒྱས་བཏབ་བོ། །དེ་ནས་རྒྱ་མཚོའི་གླིང་ལ་བྱོན་པ་དང༌། འཇག་མ་རེ་རེའི་སྟེང་ན། སངས་རྒྱས་རེ་བཞུགས་པར་གཟིགས་ནས། འཇག་མ་ཕོན་ཅིག་ཀྱང་བསྣམས་སོ། །དེ་ནས་ཆུ་བོ་ནཻ་རཱཉྫ་རའི་འགྲམ་དུ་བྱོན་པ་དང༌། བྱེ་མ་འབྲུ་རེའི་སྟེང་ན་སངས་རྒྱས་རེ་བཞུགས་པར་གཟིགས་ནས་བྱེ་མ་བྲེ་གང་ཡང་བསྣམས་སོ། །དེ་ལྟར་ཙནྡན་སྦྲུལ་གྱི་སྙིང་པོ་ལ་བྱོན་པའི་སྤྱན་རས་གཟིགས། ཙནྡན་གོར་ཤི་ཥ་བྱང་ཆུབ་ཀྱི་ལྗོན་ཤིང་གི་ཡལ་ག ཆུ་བོ་ནཻ་རཱཉྫ་རའི་བྱེ་མ། ཀུ་ཤའི་འཇག་མ་ཕོན་གཅིག དབེན་གནས་ཆེན་པོ་བརྒྱད་ཀྱི་ས་ལ་སོགས་ཏེ། རྒྱ་གར་གྱི་རྫས་ཡི་དམ་གྱི་ལྷ་ལ་སོགས་པ་དགེ་སློང་གིས་སྤྱན་དྲངས་ཏེ། བོད་དུ་བྱོན་ནས་རྒྱལ་པོ་ལ་ཕུལ་བས་ཤིན་ཏུ་དགྱེས་པར་གྱུར་ཏོ། །དེ་ནས་ཡང་རྒྱལ་པོའི་ཐུགས་ཀྱི་དགོངས་པ་ལ། ད་རུང་ལྷོ་བལ་གྱི་ཕྱོགས་ན། སྦས་པའི་སྤྲུལ་སྐུ། ཕྱི་རབས་སེམས་ཅན་གྱི་དོན་བྱེད་པའི་རྟེན་ངོ་