R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 194
[A:194]མཚར་ཅན་ཡོད་དགོངས་ནས། ཡི་དམ་གྱི་ལྷ་ལ་གསོལ་བ་བཏབ་པས། རང་བྱོན་དེའི་ཐུགས་ཀ་ནས་འོད་ཟེར་ཞིག་འཕྲོས་ཏེ། བལ་པོའི་ཡུལ་དུ་སོང་ངོ༌། །དེ་ལ་གཏད་ནས་གཟིགས་པས། རྒྱ་གར་དང་བལ་པོའི་མཚམས་ཀྱི་ནགས་ཁྲོད་ཆེན་པོ་ཞིག་ན། ཙནྡན་ཧ་རིའི་སྡོང་པོ་འོད་ཟེར་ཕྱོགས་བཅུར་འཕྲོ་བ་ཞིག་ལ་རང་བྱོན་མཆེད་བཞི་བྱོན་པར་གཟིགས། དེ་ནས་ཡང་སྤྲུལ་པའི་དགེ་སློང་དེ་རྟེན་དེ་རྣམས་སྤྱན་འདྲེན་དུ་བཏང་ངོ༌། །དེར་དགེ་སློང་གིས་མང་ཡུལ་གྱི་གྲོང་དུ་བྱོན་པ་ན། ཡུལ་དེ་ན་ཡམས་ནད་ཀྱིས་མི་མང་པོ་འཆི་བའི་སྡུག་བསྔལ་མཐོང༌། དེ་ནས་བྱོན་པ་ན། གྲོང་ཁྱེར་ཡམ་བུ་ཡ་འགལ་བྱ་བ་ན། མཛེ་ནད་ཀྱིས་མི་མང་པོ་འཆི་བའི་སྡུག་བསྔལ་མཐོང༌། དེ་ནས་བྱོན་པ་ན་རྒྱ་གར་དང་བལ་པོའི་མཚམས་ན་སྟེང་གདོན་ཞྀག་གིས་གློ་བུར་དུ་མི་མང་པོ་འཆི་བའི་སྡུག་བསྔལ་མཐོང༌། དེའི་ནགས་ཁྲོད་ན། རྫི་བོ་ཞིག་གིས་མ་ཧེ་མང་པོ་སྐྱོང་གིན་འདུག་པས། མ་ཧེ་ལས་དང་སྐལ་བར་ལྡན་པ་ཞིག་གིས། ཉིན་མོའི་རིགས་ཀྱི་ནགས་ཁྲོད་དེར་ཕྱིན་ནས། ཙནྡན་ཧ་རིའི་སྡོང་པོ་འོད་ཟེར་ཕྱོགས་བཅུར་འཕྲོ་བ་ཞིག་འདུག་པ་ལ་བསྐོར་བ་བྱེད་ཅིང་ནུ་མ་གཏོར་བས་དགོངས་མོ་རྫི་བོ་ལ། མ་ཧེ་བདག་པོས་ན་རེ། ཁྱོད་ཀྱིས་ངའི་མ་ཧེའི་འོ་མ་བཞོས་འདུག་ཟེར་བ་ལ། རྫི་བོ་ན་རེ། ངས་ནི་མ་ཧེའི་འོ་མ་བཞོས་པ་མེད། མ་ཧེ་ནི་ཉིན་མོའི་རིགས་ལ་ནགས་ཁྲོད་ཡ་གིར་འགྲོའི་འདུག་གོ་ཟེར་རོ།། དེའི་སང་རྫི་བོ་དང༌། མ་ཧེའི་བདག་པོ་གཉིས་ཀྱིས་འགྲོགས་ཏེ། ནགས་ཁྲོད་དེར་བལྟར་ཕྱིན་པས། མ་ཧེ་དེ་ཙནྡན་ཧ་རིའི་སྡོང་པོ་འོད་ཟེར་ཕྱོགས་བཅུར་འཕྲོ་བ་ཞིག་ལ་སྐོར་བ་བསྐོར་ནས། ནུ་མ་གཏོར་གིན་འདུག་པས་ངོ་མཚར་དུ་བྱས་སོ༑ ༑དེ་ནས་སྤྲུལ་པའི་དགེ་སློང་དེས་རྒྱལ་པོའི་ཐུགས་དམ་ཙནྡན་གྱི་སྐུ་དེ་ལས་