R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 125
[A:125]གོམ་པ་བདུན་བོར་བས་མེ་ཏོག་པདྨ་བདུན་དུ་གྱུར་པ་ལ། བསྟོད་པ་དང་པོ་ལ། གང་ཚེ་རྐང་གཉིས་གཙོ་བོ་ཁྱེད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེའི་ཚེ་མཁས་པ་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས། སྲུ་སྐྱེ་རྒུའི་བདག་མོ་ལ་སོགས་པ་མ་མ་སུམ་ཅུ་རྩ་གཉིས་ལ་གཏད་ནས་བསྐྱེད་བསྲིངས་སོ། །དེ་ནས་རྒྱལ་བུ་ཆེར་སྐྱེས་ནས་ཡི་གེ་དང་རྩིས་ལ་སོགས་པ་རིག་པའི་གནས་ལྔ་ལ་མཁས་ཤིང༌། སྟོབས་དང་སྒྱུ་རྩལ་གྱིས་ལྷས་བྱིན་ལ་སོགས་པའི་སྐྱེ་བོ་དྲེགས་པ་ཅན་ཐམས་ཅད་ཚར་བཅད་ནས། འགྲན་ཟླ་དང་བྲལ་བར་མཛད་དོ། །དེ་ནས་ས་འཚོ་མ་དང༌། གྲགས་འཛིན་མ་ལ་སོགས་པ་བཙུན་མོ་བརྒྱད་ཁྲི་བཞི་སྟོང་ཁབ་ཏུ་བཞེས་ནས། ལོ་ཉི་ཤུ་རྩ་དགུར་རྒྱལ་སྲིད་ཀྱི་བྱ་བ་མཛད་དོ། །དེ་ནས་འཁོར་བའི་བྱ་བ་ལ་སྙིང་པོ་མེད་པར་དགོངས་ཤིང༌། གྲོང་ཁྱེར་སེར་སྐྱའི་ཕྱོགས་བཞི་ན་རྒ་ན་འཆི་བའི་སྡུག་བསྔལ་བཟོད་བརླག་མེད་པ་རྣམས་གཟིགས་ནས། རབ་ཏུ་བྱུང་བར་བཞེད་པ་ལ། ཡབ་ཡུམ་གྱིས་མ་གནང་བར་རྒྱལ་ཆེན་བཞིས་སྟེང་གི་ནམ་མཁའ་ལ་གདན་དྲངས་ཏེ། མཆོད་རྟེན་རྣམ་དག་གི་དྲུང་དུ་བྱོན་ནས། རང་གི་དབུ་སྐྲ་རང་གིས་བཅད་དེ་རབ་ཏུ་བྱུང་བར་མཛད་དོ། །དེ་ནས་ཆུ་བོ་ནཻ་རཱཉྫ་ན་ལ་སོགས་པའི་དྲུང་དུ་ལོ་དྲུག་གམ་བདུན་དུ་དཀའ་བ་སྤྱད་དེ། བསམ་གཏན་མཐར་ཕྱིན་པར་མཛད་དོ༑ ༑དེ་ནས་ཝཱ་རཱ་ཎ་སཱི་དང༌། དྲང་སྲོང་ལྷུང་བའི་རི་ནགས་ཀྱི་ཁྲོད་རྣམས་སུ། འཁོར་ལྔ་སྡེ་བཟང་པོ་ལ་སོགས་པ་ཐེག་པ་དམན་པའི་གདུལ་བྱར་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར། དེ་ནས་བྱ་རྒོད་ཕུང་པོའི་རི་ལ་སོགས་པར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ཁྲིག་དང༌། འཕགས་པ་དགྲ་བཅོམ་པ་རྣམས་ལ་