[A:126]ཐེག་པ་ཐུན་མོང་མ་ཡིན་པའི་ཆོས་ཀྱི་འཁོར་ལོ་བསྐོར། དེ་དང་ཡངས་པ་ཅན་དང༌། འོད་མའི་ཚལ་ལ་སོགས་པར་འཁོར་ཐེག་པ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དེ་ནས་བྱང་ཆུབ་སྙིང་པོར་གཤེགས་ཏེ། ས་ག་ཉ་བའི་ཚེས་བཅོ་ལྔའི་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་ཏེ། མཛད་པ་བཅུ་གཉིས་མཐར་ཕྱིན་པར་མཛད་ནས། དགུང་ལོ་བརྒྱད་ཅུ་ལོན་པའི་ཚེ། རྩ་མཆོག་གི་དྲུང་དུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ༑ ༑སྟོན་པ་མྱ་ངན་ལས་འདས་པའི་རྗེས་སུ་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་བཀའ་བསྡུ་བ་རིམ་པ་གསུམ་དུ་མཛད་དོ། །བཅོམ་ལྡན་འདས་འཁྲུངས་པ་དང་དུས་མཉམ་དུ། ཡུལ་བཞི་རུ་རྒྱལ་པོ་བཞི་འཁྲུངས་པ་ནི། མཉན་ཡོད་དུ་ཚངས་བྱིན་གྱི་བུ་གསལ་རྒྱལ། རྒྱལ་པོའི་ཁབ་ཏུ་པདྨ་ཆེན་པོའི་བུ་གཟུགས་ཅན་སྙིང་པོ། ཀོ་ཤམྦྷྀ་ན་དམག་བརྒྱ་པའི་བུ་ཤར་པའོ། །འཕགས་རྒྱལ་དུ་མུ་ཁྱུད་མཐའ་ཡས་ཀྱི་བུ་གཏུམ་པོ་རབ་སྣང་ངོ༌། །བཅོམ་ལྡན་འདས་ནི་ཇོ་བོ་རྗེའི་ལུགས་ལ༑ ཤིང་ཕོ་བྱི་ལ་ལྷུམས་སུ་ཞུགས། ཤིང་མོ་གླང་ལ་སྐུ་བལྟམས། ཆུ་མོ་ཕག་ལ་སངས་རྒྱས། ཤིང་ཕོ་སྤྲེའུ་ལ་མྱ་ངན་ལས་འདས་པར་བཞེད་ལ། ཆོས་རྗེ་ས་སྐྱ་པའི་ལུགས་ལ། མེ་མོ་ཡོས་ལ་ལྷུམས་སུ་ཞུགས། ས་ཕོ་འབྲུག་ལ་སྐུ་བལྟམས། ཆུ་ཕོ་སྟག་ལ་སངས་རྒྱས། མེ་མོ་ཕག་ལ་མྱ་ངན་ལས་འདས་པར་བཞེད་པ་ཡིན། ས་སྐྱ་པའི་ལུགས། བཅོམ་ལྡན་འདས་འབྲུག་ལོ་ལ་སྐུ་འཁྲུངས་པར་བརྩིས་པའི་སྟེང་དུ། བླ་མ་ཏི་ཤྲཱི་ཀུན་བློས། ཆུ་ཕོ་ཁྱིའི་ལོ་ལ་དབུས་སུ་བསྙེན་རྫོགས་མཛད་པ་ཡན་ལ་ལོ་སུམ་སྟོང་བཞི་བརྒྱ་ལྔ་བཅུ་རྩ་ལྔ་འདས། རྩ་དྲུག་པའི་སྟེང་ན་ཡོད་ལ།