[A:124]མའི་བུ་བཟང་ལེན། བདུད་རྩི་མའི་བུ་དགེ་འཕེལ་ལོ། །རྒྱལ་པོ་ཟས་གཙང་མའི་སྲས་བཅོམ་ལྡན་འདས་དང༌། གཅུང་དགའ་བོ་གཉིས། ཟས་དཀར་གྱི་སྲས་གསལ་རྒྱལ་དང༌། བཟང་ལྡན་གཉིས། བྲེ་བོ་ཟས་ལ་མིང་ཅན་དང༌། མ་འགག་པ་གཉིས། ཚད་མེད་ཟས་ལ་ཀུན་དགའ་བོ་དང༌། ལྷས་བྱིན་གཉིས་ཡིན་ནོ། ། བཅོམ་ལྡན་འདས་ལ་སྲས་སྒྲ་གཅན་འཛིན་འཁྲུངས་ཏེ། མང་པོས་བཀུར་བ་ནས་སྒྲ་གཅན་འཛིན་གྱི་བར་ལ། རྒྱལ་རབས་ས་ཡ་གཅིག་དང་འབུམ་ཁྲི་ལྔ་བརྒྱ་བྱུང་བར་འདུལ་བ་ན་བཤད་དོ། །བཅོམ་ལྡན་འདས་ནི་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། ཐ་མ་ངེས་པའི་དོན་དུ་འོག་མིན་དུ་སངས་རྒྱས། དྲང་བའི་དོན་ལ་དགའ་ལྡན་ལྷའི་ཡུལ་དུ་ལྷའི་བུ་དམ་པ་ཏོག་དཀར་པོར་གྱུར་པའི་ཚེ། རྩོད་ལྡན་གྱི་མཐའ་འཛམ་བུ་གླིང་པ་ཚེ་ལོ་བརྒྱ་པའི་དུས་སུ། སེམས་ཅན་རྣམས་འདུལ་བའི་དུས་ལ་བབ་པར་མཁྱེན་ནས། དགའ་ལྡན་དུ་རྗེ་བཙུན་བྱམས་པ་མགོན་པོ་རྒྱལ་ཚབ་དམ་པར་བཞག་སྟེ། གྲོང་ཁྱེར་དང༌། ཡབ་ཡུམ་གྱི་རིགས་ལ་གཟིགས། གླང་ཆེན་གྱི་ཚུལ་དུ་ལྷ་ལས་བབས་ཏེ། རྒྱལ་པོའི་ཁབ་ཏུ་ཡབ་རྒྱལ་པོ་ཟས་གཙང་མ། ཡུམ་སྒྱུ་འཕྲུལ་མའི་ལྷུམས་སུ། བཀྲ་ཤིས་པའི་དགེ་མཚན་དུ་མ་དང་བཅས་ཏེ་ཞུགས་སོ།། དེར་ཟླ་བ་བཅུ་ལོན་པ་ན་ལུམྦི་ནཱིའི་ཚལ་གྱི་བྱང་ཆུབ་ཀྱི་ཤིང་གི་དྲུང་དུ་ཡུམ་གསོ་སྦྱོང་ལ་གནས་པའི་དུས། མངལ་གྱི་དྲི་མས་མ་གོས་པར་དཔྱིད་ཟླ་ཐ་ཆུང་གི་ཚེས་བརྒྱད། སྐར་མ་རྒྱལ་ལ་ཡུམ་གྱི་མཆན་ཁུང་གཡས་པའི་རྩིབ་མའི་བར་ནས་འཁྲུངས་སོ། །དེའི་ཚེ་ཚངས་པ་དང་བརྒྱ་བྱིན་གྱིས་ཀཱ་ཤི་ཀའི་རས་ཀྱིས་བླངས། དགའ་བོ་དང༌། ཉེ་དགའ་གཉིས་ཀྱིས་སྐུ་ཁྲུས་གསོལ་ལོ། །དེའི་ཚེ་སྲས་ཀྱིས་