[A:3a]ཀྱི་བསྟན་པ་ལ་རབ་ཏུ་བྱུང་བར་ཆེས་ཤིན་ཏུ་རིངས་པ་ལས། སྔོན་ཆོས་རྗེ་བླ་མ་དམ་པའི་སྐུ་གདུང་བསམ་ཡས་སུ་ཞུགས་ལ་ཕུལ་དུས། སྤུར་ཁང་ནས་འོད་ཀྱི་གོང་བུ་ཞིག་སྒྲ་ཆེན་པོ་དང་བཅས་ཏེ་གོང་དཀར་དུ་སོང་ཟེར་བ་རྣམ་ཐར་དུ་ཡོད་པའི་རྟེན་འབྲེལ་མངོན་དུ་གྱུར་ཏེ། ཐོག་མར། ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་དངོས་སློབ་བྲག་ཐོག་ཆོས་རྗེ་བསོད་ནམས་བཟང་པོའི་དྲུང་དུ་དབུ་སྐྲ་བཅད་དེ་དགེ་བསྙེན་གྱི་སྡོམ་པ་མནོས། དཔལ་ས་སྐྱ་པའི་ལུགས་ཀྱི་ཆོས་བསྐོར་རྒྱུད་གསུམ་མན་ངག་དང་བཅས་པ་ལ་སོགས་པའི་དབང་བཀའ། བཤད་བཀའ། མན་ངག་གི་བཀའ་ལ་སོགས་པ་རྣམས་ཀྱི་བསྐོར་ཆ་ལག་ཕྲན་དང་བཅས་པ་རྣམས་ཡོངས་སུ་རྫོགས་པར་གསན། མཁས་པར་བསླབས། ཐུགས་ཉམས་སུ་བཞེས། ཡི་དམ་དང་ཆོས་སྐྱོང་གོང་འོག་གི་བསྙེན་པ་མཐར་ཕྱིན་པས་མཐུ་སྟོབས་ཀྱི་དབང་ཕྱུག་ཆེན་པོར་གྲགས། དེ་ནས་ཆོས་རྗེ་དཔལ་འཛིན་བཟང་པོའི་དྲུང་དུ་ས་ལུགས་ཀྱི་ཆོས་བསྐོར་མང་དུ་གསན་ཅིང༌། ཁྱད་པར་དུ་གུར་ཕུར་ལ་སོགས་པའི་གར་འཆམས་དབྱངས་ལ་སོགས་པ་མཁས་པར་མཛད།
Ordination and grammatical studies under Byams pa gling pa
དེ་ནས་དགུང་ལོ་ཉི་ཤུ་རྩ་བདུན་ཙམ་ལ་ཆོས་རྗེ་ཐམས་ཅད་མཁྱེན་པ་བྱམས་པ་གླིང་པ་ཆེན་པོའི་དྲུང་དུ། དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་སྐུ་ཤིན་ཏུ་བཙུན་པའི་མཆོག་ཏུ་གྱུར། མཚན་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོ་ཞེས་གསོལ། གཞན་ཡང་མཁས་པའི་དབང་པོ་དེའི་དྲུང་དུ་མདོ་སྔགས་ཀྱི་ཆོས་མང་དུ་གསན་ཅིང༌། ཁྱད་པར་ཀ་ལཱ་པ་ལ་སོགས་པ་སྒྲའི་བསྟན་བཅོས་དང༌། མེ་ལོང་ལ་སོགས་པ་སྙན་དངགས་ཀྱི་བསྟན་བཅོས་དང༌། རིན་ཆེན་འབྱུང་གནས