R102: རྗེ་བཙུན་ཆོས་ཀྱི་རྗེ་རྡོ་རྗེ་གདན་པ་ཆེན་པོ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་པ།

  • Pagination (Witness A): 4a
[A:4a]བྲན་དུ་འཁོལ་ནུས་པས་ན། བར་ཆད་ཀྱི་མཚན་མ་ཙམ་ཡང་མེད་པར་གྲུབ། དགུང་ལོ་སུམ་བཅུ་རྩ་ལྔ་པ་མེ་ཕོ་ཁྱིའི་ལོ་ལ་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་ལ་ཐེགས། ས་སྐྱ་པའི་བསྟན་འཛིན་ཡིན་པར་ཟེར། གདུང་རྒྱུད་ཞལ་ངོ་ཕེབས་པ་ལྟ་བུའི་བསུ་བ། སེར་སྦྲངས། རོལ་ཆ། བཀྲ་ཤིས་ཁྲ་རིངས་སྐྱོང་བ་སོགས་ཀྱི་བཀུར་སྟི་མཐའ་ཡས་པས་བྱུང༌། ཡབ་གཞིས་རྙིང་མར་ཕེབས་པ་ལྟ་བུའི་དགྱེས་ཚོར་མཛད། བཞི་ཐོག་ནས་བདག་པོའི་དྲུང་གིས་གཞི་ལེན་ཡང་དག་དང༌། བླ་བྲང་སོ་སོའི་མཁན་པོ། བརྒྱ་མཚོ་དཔོན། བརྒྱ་འདྲ་དཔོན་རྣམས་ཀྱིས་བསྙེན་བཀུར་ཕུན་སུམ་ཚོགས་པར་མཛད། དབུ་རྩེ་རྙིང་གསར་རྙིང་གིས་གཙོ་བྱས་པའི་ལྷ་ཁང་གཟིམས་ཁང་ཐམས་ཅད་དུ་ཕེབས། རྟེན་གསུམ་རྣམས་ལ་ན་བཟའ་སྙན་དར་འབུལ་བ་སོགས་དང༌། གུ་རུམ་དུ་ཆོས་སྐྱོང་གི་བསྐང་གསོ་མཛད། ནང་པར་ཁའུ་ལ་ཐེགས་པས་དམ་ཚིག་ཅན་ལ་ཆོས་སྐྱོང་གི་བསུ་ཆང་དུ་གྲགས་པའི་ཁའུ་གཙང་པོ་གློ་བུར་དུ་འུར་སྒྲ་དང་བཅས་ཏེ། སྔར་གྱི་ལམ་ལ་མི་ཤོང་བ་ཙམ་བྱུང༌། ཆོས་སྐྱོང་ལ་གཏོར་མ་མདའ་དར་འབུལ་བ་སོགས་དང་བསྐང་གསོ་རྒྱས་པར་མཛད། ཕྱིར་ཕེབས་དུས་བསྐྱེད་ལྷས་སུ་བཞུགས་གདིང་ལུས་པས། དུས་ཕྱིས་ཀྱང་འདིར་འཁོར་བའི་རྟེན་འབྲེལ་ཡོད་གསུང༌། ཤིན་ཏུ་དགྱེས་པར་མཛད། དེ་བཞིན་དུ་དར་ལུང་གཉན་གྱི་ཕོ་བྲང་དུ་ཕེབས། ཆོས་སྐྱོང་བསྐང་གསོ་རྒྱས་པར་མཛད། ཡར་མར་གྱི་ལམ་བར་རྣམས་ལ་ཆོས་སྡེ་ཆེ་ཆུང་གི་བླ་མ་སློབ་དཔོན་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཆོས་འབྲེལ་དང་བསྙེན་བཀུར་ཞུ་བ་མང་དུ་བྱུང༌། ཡང༌། རྔོག་པའི་གདུང་བརྒྱུད་