R102: རྗེ་བཙུན་ཆོས་ཀྱི་རྗེ་རྡོ་རྗེ་གདན་པ་ཆེན་པོ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་པ།

  • Pagination (Witness A): 5a
[A:5a]བསྒྲུབ་པ་བཀའ་བརྒྱད་དང༌། འདུས་པ་མདོའི་དབང་ལ་སོགས་པ་གསང་སྔགས་རྙིང་མ་བའི་ཆོས་བསྐོར་གྱི་དབང་ལུང་མན་ངག་ལ་སོགས་པ་མཐའ་དག་ཡོངས་སུ་རྫོགས་པར་གསན་ནོ། དེ་དག་ནི་བསྟེན་ཡུན་རིང་ལ་མཁས་པར་སྦྱངས་ཤིང་བཀའ་དྲིན་ཆེ་བའི་ཡོངས་སུ་འཛིན་པ་རྣམས་ཡིན་ལ། བཀའ་དྲིན་མཚུངས་པ་མེད་པ་ནི་བྲག་ཐོག་པ་ཆེན་པོའོ། ཡང༌། དབང༌། རྗེས་གནང༌། ལུང༌། མན་ངག་ཙམ་གསན་པ་ནི། ཞྭ་དམར་ཅོད་པཎ་འཛིན་པ་སྤྲུལ་སྐུ་ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོ། པཎ་ཌི་ཏ་ཆེན་པོ་དཔལ་ནགས་ཀྱི་རིན་པོ་ཆེ། ཞྭ་ལུ་རིན་པོ་ཆེ་གྲགས་པ་རྒྱལ་མཚན། སྙེ་ཐང་ཆོས་རྗེ་བློ་གྲོས་བརྟན་པ་བཞི་པ། འཚལ་མིན་མཁན་པོ་ངག་དབང་པ། མཁན་ཆེན་བྱང་བརྩོན་པ་ལ་སོགས་པའི་མཁས་གྲུབ་མང་དུ་ཡོད་དོ། གཞན་ཡང༌། བཀའ་ལུང་རྣམ་དག་འདུག་ན་གང་ཟག་རང་དགའ་བ་ཡིན་ཀྱང༌། རང་ཉིད་མཁས་པ་དང་ཆེ་བའི་ང་རྒྱལ་མི་མཛད་པར། བསྟན་པ་དང་སེམས་ཅན་དོན་ལ་དགོངས་ནས་གུས་པ་དང་བཅས་ཏེ་གསན་པར་མཛད་དོ། དེ་ལྟར་ན། བདག་ཉིད་ཆེན་པོ་འདི་ཉིད་མདོ་སྔགས་ཐམས་ཅད་ཀྱི་བདག་པོ་ཡིན་ཡང༌། དིང་སང་རྡོ་རྗེ་ཐེག་པའི་བསྟན་པ་ལ་དགོངས་ནས། སྤྱིར་གསང་སྔགས་གསར་རྙིང་ཐམས་ཅད་དང༌། ཁྱད་པར། དཔལ་ས་སྐྱ་པའི་བསྟན་པ་རྡོ་རྗེ་ཐེག་པའི་སྐད་དུ་སྨྲ་བ་རྣམས་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་ཏཻ། ས་སྐྱ་འཁོན་གྱི་གདུང་བརྒྱུད་ཀྱིས་གཙོ་མཛད། བོད་དབུས་གཙང་གི་བླ་མ་དགེ་བའི་བཤེས་གཉེན་མཁས་གྲུབ་རྣམས་ལ། ཆོས་ཀྱི་