R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 57
[A:57]ཡིས་བསྡིགས་ཀྱང་མི་འཇིགས། ལྷ་མོ་བརྒྱ་ཡིས་འཛུམ་བསྟན་ཀྱང་མི་ཆགས་པ་ཡིན་ཟེར་ནས། ཞབས་ཏོག་མཛད། གཉོས་སྟོན་ཡེ་ཤེས་མཆོག་གིས་གསེར་སྲང་བཅོ་བརྒྱད་ཕུལ། གྲ་པ་མངོན་ཤེས་ཀྱིས་ལོ་གསུམ་ཆོས་སྟོན་དྲངས། ནམ་མཇལ་དུས་ཕྱག་རྟེན་མ་ཆད་པར་བྱས། ཇོ་བཙུན་ཚུལ་ཁྲིམས་རིན་ཆེན་གྱིས་གསེར་སྲང་དྲུག་ཕུལ། གཡོ་རུ་བ་མགར་ཡོན་ཏན་མང་ཡུལ་སྟོན་པ་སྲི་ཐར། སྨོན་འགྲོའི་འཇམ་སྒོམ་ལ་སོགས་པས་ཞབས་ཏོག་ཆེ་བར་བྱས་ཀྱང་སོ་སོར་སྤོང་རྩོམ་མ་གཏོགས་པ་གཞན་ལ་མ་གནང་། འཕན་ཡུལ་གྲབས་སུ་སྐུ་འཁྲུངས་པ་སྒོམ་པ་དཀོན་མཆོག་སྲུང་གིས་འབྱོར་པ་ཐམས་ཅད་བསྡུས་པས་གསེར་སྲང་དྲུག་བྱུང་སྟེ་ཕུལ། དར་ཡུག་གཅིག་སྐེ་ལ་བཏགས་ཏེ་ལུས་ཕུལ་ནས་ཞབས་ཏོག་མཛད་པ་ལ་དབང་གཞུང་གདམས་ངག་རྫོགས་པར་གནང་། དེའི་ཚེ་བསྒོམས་པས་མཆོག་མི་འགྱུར་གྱི་ལེའུ་ཞུས་པས། འདི་ཤིན་ཏུ་ཟབ་པས་གཞན་གྱིས་བློར་མི་ཤོང་གསུངས་ནས་མ་གནང་། ནན་གྱིས་ཞུས་པས། འོ་ན་འདི་ལ་ལོ་ཙྪབ་མི་དགོས་གསུངས་ནས་རང་འགྱུར་མཛད་པས་འགྱུར་ཤིན་ཏུ་བཟང་བ་གཅིག་བྱུང་སྟེ་དགྱེས་བཞིན་དུ་ལེགས་པར་གནང་། སྒྲོ་སྟོན་ལ་ཡང་སོར་བསམ་གྱིས་ཁྲིད་གནང་། སློབ་མའི་ཚོགས་ཆེན་པོ་ལ་གསང་འདུས་སྒྲོན་གསལ་དང་དབུ་མ་རྩ་ཤེར་གསུངས། ལར་འབུལ་ནོད་ལྟོས་ཆེ་བར་བྱུང་ཡང་། སྦྱོར་དྲུག་ལ་བཀའ་དམ་པས་ཀུན་ལ་མ་གནང་སྟེ། ཆོས་ཚོང་པ་ལས་ནོར་ཚོང་པ་དགའ་གསུངས་ཤིང་། སྦས་པའི་རྣལ་འབྱོར་གྱི་ཚུལ་གྱིས་ཚོང་འདྲ་མཛད་ཅིང་ཀོང་པོའི་བར་ཞབས་ཀྱིས་བཅགས། སྐར་ཆུང་སོགས་སུ་བཞུགས། སྒྲོ་སྟོན་ལ་ཆོས་གནང་སྟེ་སྒྲོ་འདོགས་བཅད། ཡུ་མོས་ཀྱང་ཆོས་འབྲེལ་ཐོབ། བོད་དུ་སྦྱོར་དྲུག་གི་གདམས་ངག་རྫོགས་པར་གནང་བ་གཉིས་ཁོ་ན་སྟེ། དེ་ཡང་གཅིག་ནི་བླ་མ་གྲབ་སྒོམ་ཡིན་ལ། གཅིག་ནི་མང་ཡུལ་གྱི་བཙུན་པ་གཅིག་གིས་ཞབས་ཏོག་ཡུན་རིང་དུ་བྱས་པ་ལ་མན་ངག་རྫོགས་པར་གནང་། དེས་ཀྱང་གཞན་ལ་མ་བསྟན་པར་རྩེ་གཅིག་ཏུ་བསྒོམས་པས་ཡན་ལག་