R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 58
[A:58]དྲུག་མཐར་ཕྱིན་ཏེ་ལུས་མ་སྤངས་པར་འོད་གསལ་གྱི་གོང་བུ་གཅིག་ཏུ་གྱུར་ནས་ཡེ་ཤེས་ཀྱི་སྐུ་གྲུབ་བོ། །དོན་དམ་བསྙེན་པའི་འགྱུར་མཛད་པའང་ཤིན་ཏུ་བཟང་ལ། མངའ་རིས་སུ་ཕྱིས་བྱོན་དུས་འགྲེལ་ལ་ཡང་རང་འགྱུར་མཛད་པས་འབྲོ་འགྱུར་ལས་ཆེས་བཟང་ཞེས་གྲགས་སོ།། སླར་ཁ་ཆེར་བྱོན་ཏེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་བརྙེས་སོ། །པཎ་ཆེན་དེའི་གངས་ཅན་གྱི་སྲས་གཅིག་བུ་ལྷ་རྗེ་སྒོམ་པ་དཀོན་མཆོག་སྲུང་ནི། འཕན་ཡུམ་གྲབ་དུ་སྐུ་འཁྲུངས། རྟེན་དགེ་བསྙེན་སྨན་དཔྱད་ལ་བྱང་པས་འགྲོ་དོན་ཆེ། མངོན་པ། ས་སྡེ། གསང་འདུས་འཕགས་སྐོར། གཤེད་བསྐོར། བདེ་དགྱེས་སོགས་གསང་སྔགས་ཕལ་མོ་ཆེ་མཁྱེན། བསྙེན་སྒྲུབ་ཕུལ་དུ་ཕྱིན་པས་གྲབ་སྒོམ་དུ་གྲགས་ཤིང་ཐུན་མོང་གི་དངོས་གྲུབ་ལ་མངའ་བརྙེས་པ་དེས། པཎ་ཆེན་ཟླ་མགོན་བོད་དུ་བྱོན་ཐེངས་བར་པའི་རེས་ལ་འཇལ་བས་ཤིན་ཏུ་དད་དེ། མཁྱེན་པ་ཆེ་ཞིང་ཅི་གསུང་བཀའ་བཞིན་བསྒྲུབས་པས་དགྱེས་ཏེ། དབང་རྒྱུད་འགྲེལ་མང་དག་མ་ལུས་པ་དང་། གཞན་ཕན་གྱི་བཀའ་གཏད་རྗེས་གནང་དང་བཅས་པ་སྩལ། པཎ་ཆེན་རྒྱ་གར་ལ་བྱོན་པའི་ཕྱགས་ཕྱི་ཐོགས་ནའང་མ་ཁྲིད་པར་འཕན་ཡུལ་གྲབ་ཉིད་དུ་རྩེ་གཅིག་ཏུ་བསྒོམ་དུ་བཅུག་པས། ཐུགས་དམ་གྱི་ལྷ་མང་པོའི་ཞལ་གཟིགས་ཏེ། ཡེ་ཤེས་ཀྱི་ནང་མཐར་ཕྱིན། མངོན་ཤེས་ལྔ་གྲུབ། རླུང་གཙུག་ཏོར་དུ་འཆིང་ནུས། རྒྱུད་འགྲེལ་འབྲོ་འགྱུར་གྱི་སྟེང་ནས་བཤད་པས་འབྲོ་ཡང་བཀའ་དྲིན་ཆེ་ཞེས་བརྒྱུད་པ་ལ་འཛུད་པར་མཛད་ལ། འབྲོ་ལུགས་ཞེས་གྲགས་སོ།། བླ་མ་དེས་གཞན་ལ་གཞུང་བཤད་ཆེར་མ་མཛད། ཆོས་རྣམས་སྒྲོ་སྟོན་ལ་གནང་ནས། ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་མྱ་ངན་ལས་འདས་སོ། །ཕྱི་རྟེན་རིང་བསྲེལ་མང་པོ་འབྱུང་བ་ཞིག་འཕན་ཡུལ་རག་མའི་ནང་ན་དེང་སང་ཡང་ཡོད་ཅེས་གྲག་གོ །དེ་ཉིད་ཀྱི་ཐུགས་སྲས་སྒྲོ་སྟོན་ནི། འཁྲུངས་པ་འཕན་ཡུལ་སྒྲ་རིས། གདུང་སྒྲོ་མཚན་གནམ་ལ་བརྩེགས་རྟེན་དགེ་བསྙེན་ན་བཟའ་དཀར་པོ་ཅན། དགུང་ལོ་ཉི་ཤུ་རྩ་དྲུག་པ་ལ་