R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 59
[A:59]གཡུ་རྙིང་ལ་གང་རྒྱགས་སུ་བསྣམས་ནས་ལེང་ཤཱཀྱ་བརྩོན་འགྲུས། འབྲོག་མི་ཤཱཀྱ་ཡེ་ཤེས། འགོས་ཁུག་པ་ལྷས་བཙས་ཏེ་ལོ་ཙྪབ་གསུམ་གྱིས་སློབ་མ་དགེ་བཤེས་ལོ་རོ་བ་ཞེས་པའི་དྲུང་དུ་ཡོལ་དབུས་སྡེར་བྱོན་ཏེ། དགུང་ལོ་བརྒྱད་ཅུ་རྩ་བརྒྱད་ཀྱི་བར་དུ་ཕར་ཚད་མངོན་སུམ། བྱ་སྤྱོད་རྣལ་གསུམ། བདེ་དགྱེས་གསང་གསུམ། སྒྱུ་ཐོད་གདན་གསུམ་སོགས་ལ་སློབ་གཉེར་མཛད་དོ། །ལོ་རོ་བའི་ཞལ་ནས་མཆིམས་ཞེས་བྱ་བའི་སྔགས་པ་ཆེན་པོ་གཅིག་ཡོད་པ་ལ། འདི་ན་ནིང་རྩ་ན་རྡོ་རྗེ་འཛིན་པ་དང་འདྲ། ང་བ་གླང་དང་འདྲ། ད་ང་ཡང་ལོཙྪབ་གསུམ་ལ་ཐུགས་པས་རྡོ་རྗེ་འཛིན་པ་དང་། དུས་འཁོར་ཤེས་པ་གཅིག་བྱུང་ན་ད་དུང་ང་བ་གླང་དང་འདྲ་བར་འདུག་གསུངས་པས། བླ་མ་གནམ་བརྩེགས་དུས་འཁོར་ཤེས་པ་གཅིག་བྱུང་ན་སྙམ་དུ་སེམས་ཤིང་། དགེ་བཤེས་དེ་ལ་ཐིག་ལེ་སྐོར་གསུམ་གསན་པའི་སྐབས་སུ་རྒྱ་གར་ནས་པཎྜི་ཏ་སོ་མ་ནཱ་ཐ་ཞེས་པ་དུས་འཁོར་མཁྱེན་པ་གཅིག་བྱོན་པ་འདུག་ཅེས་གསན་ནས། བླ་མ་ལ་ཞུས་པས། ཁྱོད་མཇལ་འདོད་ཆེ་བར་འདུག་པས་ཆོས་གྲོལ་མ་ཐག་སྔོན་ལ་སོང་། ང་ཕྱི་ལ་ཡོང་གིས་གསུངས་པས་བྱོན་ཏེ་པཎ་ཆེན་ལ་གསེར་སྲང་བཅུ་གཉིས་ཕུལ་ཏེ་འཇལ། སླད་མར་ཞིང་སིང་མ་ཅན་བཙོངས་ཏེ་རྟ་ནག་བཟང་པོ་གཅིག་ཕུལ། ཀོང་པོ་ཚུན་ཕྱག་ཕྱིར་འབྲེངས་ཞབས་ཏོག་ཡུན་རིང་དུ་བྱས་པས་དབང་དང་སོར་བསམ་གནང་སྟེ་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། ཆོས་གཞན་མ་ཐོབ་པ་དང་། པཎ་ཆེན་དང་བླ་མ་སྒོམ་པ་གཉིས་འགོལ་དུས་ཞུས་བཏུགས་མཛད་ཅིང་གཞན་བྱུང་པ་དང་འཕྲོ་གཅོད་པ་གཟིགས་ནས། གདམས་ངག་ཐམས་ཅད་བླ་མ་སྒོམ་པ་ལ་གནང་ཡོད་དགོངས་ཏེ་སྒོམ་པ་གསེར་ཕུལ་ནས་ཞུས་པས། བཀའ་རྒྱ་ཡོད་གསུངས་ནས་མ་གནང་། དེ་ནས་པཎ་ཆེན་རྒྱ་གར་དུ་གཤེགས་པའི་ཤུལ་དུ། འཕན་ཡུལ་ཡུར་མའི་མདའི་ནོར་བཟངས་སུ་ལོ་གསུམ། ཡེར་པར་ལོ་གསུམ། བླ་མ་སྒོམ་པ་གོ་ཏེག་མཛད་ནས། སེམས་འགྲེལ་སྐོར་གསུམ་མན་ངག་ཕྲན་དང་བཅས་པ་ཡོངས་སུ་རྫོགས་