R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 69
[A:69]ཕུར་བྱོན་ཏེ། གཉལ་ཞིག་ལ་དབུ་ཚད་ཕར་ཕྱིན་རྣམས་གསན། ཆོས་བར་ལ་པཎྜིཏ་དྷ་ན་ཤཱི་ལ་ལ་བདེ་མཆོག་དང་། གཤེད་དམར་གྱི་དབང་དང་སྔགས་ཆོས་མང་དུ་གསན། པཎྜིཏས་ཀྱང་རྗེ་འདི་ཉིད་ལ་ཕར་ཕྱིན་གསན། དེ་ནས་ས་སྐྱ་པ་རྣམས་དང་བགྲོ་གླེང་མཛད་པས་ཐམས་ཅད་ལས་རྒྱལ་ཡང་ཐུགས་མ་ཚིམ་སྟེ། ལན་ཅིག་གཉལ་ཞིག་ལ་རྣམ་ངེས་ཀྱི་ཆོས་ཐོན་པའི་རྗེས་སུ་ཁྱེད་དེ་ལྟར་བཞེད་པ་ལགས་སམ་ཞུས་པས། ཐུགས་རྒྱལ་བཞེངས་ཏེ་འདི་མ་སྐྱོངས་ན་གཉལ་ཞིག་མིན་གསུངས་ནས་དམ་བཅའ་ཁས་བླངས། དེ་རྗེས་འདི་མ་ཁེགས་ན་གཙང་སྟོན་མིན་ཞུས་ཏེ། ཕྱོགས་ཆོས་དཔེ་ལ་འགྲོ་མི་འགྲོ་ལ་ཉི་མ་གསུམ་དུ་མུན་སྲོས་སྲོས་ཀྱི་བར་དུ་འགྲོ་གླེང་མཛད་པས་རྗེ་འདི་རྒྱལ། གཉལ་ཞིག་གིས་དེའི་ནུབ་མོ་ཇ་བཟང་པོ་ཉི་ཤུའི་མང་བསྒོལ་བྱས། དར་ཡུག་གཅིག་བཏང་སྟེ། འདི་ལ་ང་འཇམ་དཔལ་དང་མཉམ་པ་ཡིན་སྙམ་པ་ཡོད་དེ། ང་བས་ཀྱང་ཁྱེད་ཤེས་རབ་ཆེ་བར་འདུག་པས་འཇམ་དཔལ་རང་དུ་གདའ་བའོ། ། གསུངས་པས་འཇམ་དཔལ་གསར་མར་མཚན་གྲགས་ཏེ། སྙན་པའི་བ་དན་གྱིས་ས་ཀུན་ཏུ་ཁྱབ། གཉལ་ཞིག་བུ་དགུའི་ཡ་གྱལ་དུ་གྲགས། དེར་ཚད་མ་རྡོ་རྗེ་ཕྲེང་བ་མཛད་ནས་གཙང་དུ་བྱོན་པ་དང་། སློབ་དཔོན་བསེ་དམར་བ་འདུག་པས་ཐུགས་སྐྱོ་ཏེ། ཡུལ་ཞིང་རྣམས་ཕག་ཏུ་བཙོངས་ནས་སློབ་དཔོན་གྱི་དགོངས་རྫོགས་ལ་བཏང་། ས་ལམ་གྱི་རྣམ་གཞག་མེ་ཏོག་ཕྲེང་བ་མཛད། ཐར་པ་གླིང་དུ་བྱོན་ནས་དཔྱལ་ཆོས་བཟང་ལས་ལོ་ཙཱ་བསླབས། དེ་ནས་འདོལ་ཆུང་དང་། རྐྱང་འདུར་དུ་བཞུགས་ནས་གྲྭ་པ་ཕྱེད་དང་ཉི་བརྒྱ་ལ་ཕར་ཚད་ཀྱི་ཊཱིཀ་མཛད་ནས་གསུངས། ཁྲོ་ཕུ་ལོ་ཙཱ་བ་དང་། དཔྱལ་ཀུན་དགའ་སྙིང་པོ་དང་། སྣར་ཐང་པ་གྲོ་ཆེན་པོ་དང་། ཞང་ཆོས་བློ་དང་བྱ་མ་ཁུང་མ་རྣམས་ལའང་དབང་རྒྱུད་གདམས་ངག་མང་པོ་དང་། ས་སྡེ་སོགས་གསན། ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲཱི་ལ་དབང་དང་གདམས་པ་མང་པོ་གསན་ཞིང་། ལོ་ཙྪ་མཛད་དེ། ཨོ་རྒྱན་སྒྲོལ་མའི་སྒྲུབ་ཐབས་སོགས་བསྒྱུར། ཀོ་བྲག་པ་ལ་ལམ་འབྲས་གསན་