[A:70]པས་ཐུགས་སྣང་འགྱུར་ཏེ། སྐུ་མཚམས་དམ་པོ་ལ་བཞུགས་དུས་རྡོ་རྗེ་ལུས་ཀྱི་རྩ་གནས་མངོན་སུམ་དུ་གཟིགས། འཇམ་དཔལ་ངག་གི་དབང་ཕྱུག་མཇལ་བ་ལ། བདག་གི་བླ་མ་དང་གདམས་ངག་སྒོམ་པ་གང་ལགས་ཞུས་པས། སེ་མོ་པ་ལ་དུས་འཁོར་དང་སྦྱོར་དྲུག་ཞུས་ན་ལམ་མྱུར་དུ་བགྲོད་པར་འགྱུར་ཞེས་ལུང་བསྟན་ཐོབ་སྟེ་སེ་མོ་ཆེ་བ་དེ་གཡས་རུ་གྲོང་ཆུང་ན་སྤྲུལ་སྐུ་ཇོ་འབུམ་མཁའ་སྤྱོད་དུ་ཆོས་འཁོར་མཛད་པའི་སྐབས་སུ་དེར་འབྱོན་པར་བརྩམས་པ་ན། གཅོད་སྦྱིན་ཆེན་པོ་བདུན་གྱིས་གཙོས་པའི་སྣང་སྲིད་ཀྱི་ལྷ་འདྲེ་མང་པོས་མེ་འོད་དང་། འཇིགས་པའི་གཟུགས་སྟོན་པ་དང་། སྒྲ་དྲག་པོ་སྒྲོག་པ་དང་། རྡོ་ཆར་འབེབས་པ་སོགས་ཆོ་འཕྲུལ་མང་པོ་བསྟན་པས། དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །གནོད་པར་སེམས་པའི་འདྲེ་གདོན་གཉིས། །མི་བདག་ལ་རོ་སྙོམ་ཁྱད་པར་མེད། །ལྷ་འདྲེ་གང་དགའ་མ་དགར་ཞོག ། གཉེན་པོ་ཐོས་བསམ་སྒོམ་གསུམ་དང་། །སྤང་བྱ་ཉོན་མོངས་རྣམ་རྟོག་རྣམས། །མི་བདག་ལ་རོ་སྙོམ་ཁྱད་པར་མེད། །ཉམས་བཟང་ངན་གང་དགའ་མ་དགའ་ཞོག །འཁོར་བརྒྱ་དང་སྟོང་གིས་བསྐོར་བ་དང་། །རང་གཅིག་བུར་གང་བདེར་ཉལ་བ་གཉིས། །མི་བདག་ལ་རོ་སྙོམ་ཁྱད་པར་མེད། །འཁོར་མང་ཉུང་གང་དགའ་མ་དགའ་ཞོག །ཚེ་རིང་ནད་མེད་ཕུན་ཚོགས་དང་། ། དུས་ད་ལྟ་ཉིད་དུ་འཆི་བ་གཉིས། །མི་བདག་ལ་རོ་སྙོམ་ཁྱད་པར་མེད། །ཚེ་རིང་ཐུང་གང་དགའ་མ་དགའ་ཞོག །ཅེས་སོགས་ཆོས་བརྒྱད་མགོ་སྙོམས་པའི་མགུར་གསུངས་པས་ཞི། གཙང་གཞུང་ལ་ཡར་བྱོན་ཙ་ན། ནམ་མཁའ་ཐམས་ཅད་སངས་རྒྱས་བྱང་སེམས་ཀྱིས་གང་བའི་སྣང་བ་བྱུང་། སེ་མོ་ཆེ་པ་དང་མཇལ་མ་ཐག་བླ་མ་དེ་ཉིད་ཕྱག་ན་རྡོ་རྗེར་དངོས་སུ་གཟིགས་ཏེ་སྣང་བ་འགྱུར་བའི་མོས་གུས་ཚུད། འབུལ་ནོད་རྒྱ་ཆེན་པོ་མཛད་དེ། སྦྱོར་དྲུག་ཞུས་པས་སྔོན་འགྲོའི་ཁྲིད་ཚར་བ་དང་མཆོག་དབང་གོང་མ་བསྐུར་ནས་སོར་བསམ་གནང་སྟེ་བསྒོམས་པས། སྔར་གྱི་ཆོས་ཀྱི་གོ་བ་ཚོ་སྐྲུན་གོག་བཞིན་དུ་བུད། ཞག་གཅིག་ན་བསམ་