[A:68]བསྙུང་བ་མི་མངའ་བར་དབྱུ་གུ་ཟླ་བའི་ཚེས་བརྒྱད་ལ་སྐུ་གདུང་རིང་བསྲེལ་གྱི་ཕུང་པོ་ཅན་བཞག་སྟེ་ཆོས་ཀྱི་སྐུར་ཐིམ་མོ། །བླ་མ་འདི་ལ་སློབ་མ་མང་ཡང་མཆོག་ཏུ་གྱུར་པ་ནི། ཁྲོ་ཕུ་ལོ་ཙྪབ། དགེ་བཤེས་རྨ་བྱ་བ། ཆོས་རྗེ་འཇམ་གསར་བ། བོ་དོང་རིན་རྩེ། ལྷོ་པ་ཆོས་ལྡན་ནོ། །ཆོས་རྗེ་འཇམ་གསར་བ་ནི་ཡུལ་ཉང་རོའི་སྐྱུར་པོར། ཡབ་སློབ་དཔོན་དཔལ་ཆེན་ཞེས་པ་ལ་སྲས་གཉིས་འཁྲུངས་པའི་ཆུང་ཤོས་ཡིན། མཚན་ཇོ་སྲས་བློ་བདེ་ཞེས་པ་མིག་འཕུལ་དང་ལུགས་ཀྱི་བསྟན་བཅོས་མཐའ་དག་ལ་མཁས་ཤིང་། སྐྱེས་སྟོབས་ཕུལ་དུ་བྱུང་པས་བྱིས་པའི་དུས་ནས། གཙང་ནག་པའི་འགྲེལ་པ་ལ་ཐུན་ཉན་བྱས་ཏེ་ཕར་ཕྱིན་ལ་སློབ་གཉེར་བྱས། ཡབ་དང་མཆེད་འདས་པ་ལ་བརྟེན་ནས་འཁོར་བ་ལ་ཡིད་བྱུང་སྟེ། ཆུ་མིག་ལུང་དུ་སངས་རྒྱས་ལམ་པའི་དྲུང་དུ་རབ་ཏུ་བྱུང་། མཚན་ཤེས་རབ་འོད་ཟེར་དུ་བཏགས། ཆོས་དུས་སུ་སློབ་དཔོན་བསེ་དམར་བ་ལ་ཕར་ཕྱིན་གསན་ཅིང་། ཆོས་བར་ལ་མཁན་པོ་ལ་བསླབ་བྱ་དང་། བདེ་མཆོག །ཕག་མོ། ཕྱག་ཆེན་གསན། དཀའ་ཐུབ་ལ་རྒྱུན་དུ་གནས་པས་ལུས་སྦྱངས། སྐབས་རེར་ཤིག་ནད་དྲག་པོ་བྱུང་པ་ལ་བཟློག་བསྒོམ་མཛད་ཅིང་། སྐུ་ལུས་སྦྱིན་པར་བཏང་བས་ཟུག་རྔུ་ལ་བརྟེན་ནས་ཐུགས་དམ་འཁྲུངས། དེ་ནས་ཡང་མཛེ་ནད་དྲག་པོས་མཉེལ་བ་ན། སློབ་དཔོན་ལ་ཕྱག་རྡོར་མདོ་ལུགས་ཞུས་ཏེ། མཚམས་དམ་པར་བཅད་ནས་ཐོ་རངས་ཡུད་ཙམ་རེ་མ་གཏོགས་མནལ་ཡེ་མ་ལོག་པར་བཟླས་པ་མཛད་པས་བསྐྱེད་རིམ་བརྟན་པར་བྱུང་སྟེ། མཐོང་བ་ཙམ་གྱིས་གདོན་བགེགས་ཐམས་ཅད་དངངས་ནས་འགྲོ་སྙམ་པ་བྱུང་། ལོ་གཅིག་དང་ཟླ་བ་དྲུག་ན་ཡི་དམ་གྱི་ཞལ་གཟིགས་ཏེ། བསྙུང་རྩ་བ་ནས་གྲོལ་ཞིང་གཞན་ལ་འདྲེ་གདོན་གནོད་པ་ན་ཐུགས་གཏད་པ་ཙམ་གྱིས་འཕྲལ་དུ་འགྲོ་བ་བྱུང་། དེ་ནས་ཕར་ཕྱིན་གྱི་ཚིག་དོན་གསུང་སྒྲོས་ཐམས་ཅད་མ་བསྙེལ་བར་སྟོན་པས་སློབ་དཔོན་བས་ཀྱང་མཁས་ཞེས་གྲགས། ཞང་འབྲི་མཚམས་པ་ལ་མངོན་པ་བྱུང་བར་བསླབས། དེ་ནས་གསང་