[A:71]གཏན་གྱི་དྲོད་དང་རྟགས་རྣམས་བྱུང་སྟེ་ཡིད་ཆེས་གསུམ་ཐོབ་ནས། སླར་ཡང་རྐྱང་འདུར་དུ་འབྱོན་དབྱར་ཆོས་གྲོལ་ནས། བོ་དོང་རིན་རྩེ་སོགས་སློབ་མ་བཅུ་དང་ལྷན་ཅིག་ཏུ་དུས་འཁོར་གསན་དུ་བྱོན་ཏེ། ཞག་བཅུ་བཞི་ལ་དབང་རྫོགས་པར་ཐོབ་ནས། ཟླ་བ་བཞིའི་བར་དུ་རྒྱུད་འགྲེལ་མན་ངག་དང་བཅས་པ་མ་ལུས་པར་མནོས། དེ་ནས་རྐྱང་འདུར་དུ་ཐུབ་པའི་དབང་པོ་འཁོར་དང་བཅས་པ་ཞལ་གཟིགས་པ་ལ། ཡན་ལག་བདུན་པ་ཞིག་ཕུལ། སངས་རྒྱ་བའི་རྒྱུ་ལམ་འབྲས་བུ་ཐམས་ཅད་བླ་མ་སངས་རྒྱས་ཀྱི་དྲུང་དུ་སྒྲོ་འདོགས་བཅད་ཟིན་པས་ཆོས་ནི་མ་ནུས་གསུངས། རྡོ་རྗེ་ཐེག་པ་མཆོག་གི་ལམ་ཞུགས་ཀྱང་། །ལས་དང་ཡེ་ཤེས་ཕྱག་རྒྱུ་རྩ་རླུང་དང་། །ཕྲ་མོ་ཐེག་ལེ་ལ་སོགས་སྒོམ་པ་ཡང་། །ཐུན་མོང་དངོས་གྲུབ་འགྲུབ་ཀྱི་མཆོག་མིན་གསུང་། །པཎ་ཆེན་རྣམས་དང་གྲུབ་ཆེན་གྲངས་མེད་དང་། །བོད་ཡུལ་གསང་སྔགས་སྤྱོད་པ་འབུམ་གྱིས་ཀྱང་། །སངས་རྒྱས་རྣམས་ཀྱི་རྡོ་རྗེའི་ཉེ་ལམ་མཆོག །རྒྱུད་ཀུན་ལས་སྦས་ལྟས་པས་རྙེད་མ་ཡིན། །བླ་མེད་རྒྱུད་བསྟན་རྡོ་རྗེ་རྩ་བསྟན་གྱི། །རྒྱལ་པོའི་ཕོ་བྲང་མཐའ་དྲུག་ཚུལ་བཞིའི་སྒོ། །ལེགས་གདམས་རྡོ་རྗེ་ཚིག་གི་སྒོ་ལྕགས་བཅུག །གསང་འཛིན་ཆེན་པོ་རྣམས་ཀྱིས་ལྡེ་མིག་སྦས། །རིགས་གསུམ་མགོན་དང་དེ་རྣམས་རྗེས་འབྲངས་པའི། །འགྲེལ་པ་རྡོ་རྗེའི་སྒོ་འབྱེད་ལྡེ་མིག་གིས། །དུས་འཁོར་རིན་ཆེན་བང་མཛོད་སྒོ་ལེགས་ཕྱེ། །རྒྱུད་ཀུན་དགོངས་པ་སྦྱོར་དྲུག་ཉིད་ཡིན་པར། །སྐལ་ལྡན་བླ་མ་རྣམས་ཀྱིས་རྟོགས་པར་འགྱུར། ། དངོས་གྲུབ་ཀུན་འབྱུང་རིན་ཆེན་སྣ་ཚོགས་དང་། །སྦྱོར་དྲུག་ཡིད་བཞིན་ནོར་བུ་དངོས་སུ་གནང་། །རྩོད་ལྡན་ཤིན་ཏུ་མྱུར་བར་སངས་རྒྱ་བའི། །ཟབ་ལམ་འདི་ནི་བླ་མའི་གདམས་ངག་དང་། །རྒྱལ་སྲས་འཕགས་པ་རྣམས་ཀྱི་རྒྱུད་འགྲེལ་ལས། །བསོད་ནམས་ཤེས་རབ་སྟོབས་ཀྱིས་ཁོ་བོས་རྙེད། །ཡིད་བཞིན་ནོར་བུ་གོས་ཧྲུལ་གྱིས་གཏམས་ནས། །གཏེར་དུ་སྦས་ཏེ་འཛམ་གླིང་འདི་ཉིད་ན། །ང་ཉིད་ནོར་ཆེ་སྨྲས་ཀྱང་སུ་ཡིད་ཆེས། །གང་ཞིག་ལ་ཡང་ཕན་