[A:72]འདོགས་ནུས་པར་འགྱུར། །དེ་བས་བདག་རང་འཚེ་མེད་འཚོ་སླ་བའི། །གནས་དེར་སྒྲུབ་པའི་རྒྱལ་མཚན་རྩེར་བཏགས་ནས། །རྩེ་གཅིག་མི་རྟོག་སེམས་ཀྱིས་གསོལ་བཏབ་ནས། །རང་གཞན་དགོས་འདོད་འབྱུང་བར་ཐེ་ཚོམ་མེད། །དེ་ཕྱིར་ཁོ་བོ་དབེན་པར་སྡོད་ལ་དགའ། །འཆི་མེད་བདུད་རྩི་རྙེད་ནས་ཟས་ངན་སྤོང་། །ནོར་བུ་རིན་ཆེན་རྙེད་ནས་གསེར་ཡང་འདོར། ། མཆོག་ཐོབ་དམན་པ་འདོར་བ་ཇི་ལྟར་འཁྲུལ། །སྔོན་ཆད་གདམས་ངག་བརྒྱ་ཕྲག་དུ་མ་བསླབས། །འོན་ཀྱང་ད་དུང་གཞན་དག་ཚོལ་བར་འདོད། །ད་ནི་སངས་རྒྱས་ཐམས་ཅད་བྱོན་ལགས་ཀྱང་། །མྱུར་དུ་འཚང་རྒྱའི་ལམ་གཞན་ཞུ་བསམ་མེད། །ཞེས་སོགས་གསུངས་ཤིང་། ཉམས་དང་རྟོགས་པའི་བདག་ཉིད་དུ་གྱུར་ཏོ། ། །དེའི་སློབ་མ་ཀུན་མཁྱེན་ཆོས་སྐུ་འོད་ཟེར་ནི། ཡུལ་ཉང་སྟོད་ཀྱི་གནས་ཨུཏྤ་ལ་ཁ་ཕྱེ་བ་ལྟ་བུའི་གསེར་སྡིངས་སུ། གདུང་སུམ་པ། ཡབ་གྲུབ་ཐོབ་ཀྱི་རྒྱལ་པོ་གསེར་སྡིངས་པ་གཞོན་ནུ་འོད་དང་། ཡུམ་མགར་བཙུན་མ་ཤེས་རབ་རྒྱན་གྱི་སྲས་སུ་སྐུའི་སྐྱེ་བ་བཟུང་། གཡའ་མ་རའི་གཙུག་ལག་ཁང་གི་འདབ་དུ་ཡུམ་གྱི་མིང་པོ་མགར་གྲགས་པ་དབང་ཕྱུག་ལ། སྦྲུམ་མ་སྐྱོང་དུ་བཅུག་ནས། ཤིང་ཕོ་ཁྱི་ལོའི་སྟོན་འབྲིང་ཉི་མ་སྒྲ་གཅན་གྱིས་བཟུང་པ་དང་དུས་མཚུངས་པར་སྐུ་བལྟམས། ཡུམ་གྱིས་མཚན་བདག་མེད་རྡོ་རྗེ་བཏགས། ཡུམ་གྱི་ལད་མོ་བྱས་པས་ཡི་གེ་འབྲི་ཀློག་དང་། ཆོས་སྤྱོད་ཀྱི་ཁ་འདོན་རྣམས་ཚེགས་མེད་པར་མཁྱེན། དེ་ནས་གསེར་སྡིངས་སུ་བླ་མ་དགེ་འདུན་ལ་བསྙེན་བཀུར་ཏེ། བཟོད་པ་གསོལ་ནས་གསེར་སྡིངས་ཆེན་པོའི་དྲུང་དུ་ཞང་པོ་དང་ལྷན་ཅིག་ཆོས་ཉན་པ་ན། ཤིན་ཏུ་གཞོན་པས་རྩེ་ཐབས་འབའ་ཞིག་གིས་དུས་འདའ་བ་གཟིགས་ཏེ། བདག་མེད་རྡོ་རྗེ་ཁྱོད་ཀྱི་རྩེད་མགོ་དང་། ངའི་ཆོས་མགོ་འཛུགས་པ་དུས་མཉམ་དུ་བྱེད་པས་ང་དང་ཆོས་ལ་མ་གུས་པ་ཞིག་གམ། ཞེས་བཀའ་བཀྱོན་པས་ཆོས་རྣ་བས་ཉན་ཅིང་རྩེ་ཐབས་རྐང་ལག་གིས་བྱེད་པ་ལ་འགལ་བ་ཅི་མཆི། ཆོས་