R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 77
[A:77]ནར་འཆར་བས། འགྲོ་མགོན་འཕགས་པས་ཆོས་སྐུ་འོད་ཟེར་དུ་མཚན་གསོལ། འདོལ་ཆུང་ཆོས་འཁོར་ཆེན་མོའི་དུས་སྡེ་སྣོད་འཛིན་པ་རྒྱ་མཚོའི་དབུས་སུ་སྨྲ་བའི་སེངྒེར་གྱུར་ཅིང་སྙན་པའི་གྲགས་པས་ས་ཐམས་ཅད་ཁྱབ། རྣམ་རྒྱལ་འཁོར་ཆེན་བདེ་དགྱེས་འདུས་པ་དུས་འཁོར་སོགས་ཐུགས་དམ་ཀྱི་ལྷ་དཔག་ཏུ་མེད་པའི་ཞལ་གཟིགས། ཕར་ཕྱིན་སྤྱོད་འཇུག་གསུངས་ཚེ། གང་འདིར། སྟོན་པ་ཆོས་ཀྱི་ཆར་འབེབས་ཀྱི། གང་དག་ཉན་པར་འདོད་པ་འདིར་ཤོག་ཅིག ། ཅེས་གསུངས་པ་ན། སྐུའི་སྒོ་ཐམས་ཅད་ནས་འོད་ཟེར་སྣ་ཚོགས་འགྱེད་ཅིང་བསྡུད། གཞན་གྱིས་བལྟས་ན་གཏི་མུག་གི་བག་ཞད་ཆེ་བ་གཅིག་འདུག་ནའང་། ཁོ་བོ་ལ་དགེ་སྦྱོར་གྱི་གྲོགས་སུ་འགྱུར་བ་ཞིག་འདའ་གསུངས་ནས་མནལ་བར་མཛད། ཁོ་བོ་རྨི་ལམ་རང་རྒྱུད་པ། །རྨི་བ་ཡོང་ཡེ་མ་དྲན་ཞིང་། །བཤད་ཉན་སྒོམ་ལ་སྒྲིབ་པ་ལྔས། །སྒྲིབ་པ་ནམ་ཡང་འབྱུང་མ་ལགས།། ཞེས་གསུངས་མཉམ་རྗེས་ཀྱི་དབྱེ་བ་མེད་པར་མཉམ་གཞག་འབའ་ཞིག་གིས་དུས་འདའ། མྱང་ཆུ་ལ་མ་བྱིང་བར་ཞབས་ཆུ་ལ་རེག་ཙམ་མཛད་དེ་བྱོན། གསེར་སྡིངས་སུ་གཙུག་ལག་ཁང་རྩིག་པའི་ཚེ་ས་སྐམ་པོ་ལས་ཆུ་རྡོལ། བསམས་ན་ཤེས་པ་ཙམ་ལས་འདས་པའི་མངོན་པར་མཁྱེན་པ་ཐོགས་མེད་དུ་མངའ། རང་ཉིད་ཀྱིས་གསན་པའི་ཆོས་རྣམས་སློབ་མའི་ཚོགས་ལ་སོ་སོར་གཏད། སློབ་དཔོན་འོད་ཟེར་མགོན་གདན་སར་བསྐོས་ཏེ་དབེན་གནས་བྱ་བཏང་དུ་ཐེགས་ནས། དོན་དགུ་པ་ཆུ་ཕོ་འབྲུག་ལོ་ཧོར་ཟླ་གསུམ་པའི་ཉེར་དགུ་ལ་ནམ་མཁར་ཟླ་བ་ལྟ་བུ་ལ་ཚོམ་བུ་སོ་གཉིས་འོད་ལྔས་བསྐོར་བ་ཐལ་བྱུང་དུ་གྱེན་ལ་འགྲོ་བ་དང་། ལྷའི་སྤོས་དང་རོལ་མོའི་སྒྲ་དང་བཅས་ཏེ་སྐུའི་བཀོད་པ་བསྡུས་སོ། ། །བདག་ཉིད་ཆེན་པོ་དེའི་སྲས་ཞང་ཀུན་སྤངས་ཆེན་པོ་ནི། ཡུལ་གཡས་རུ་བྱང་གི་ངབ་ཕྱིར་སྤང་སྒང་དུ། ཡབ་འབྲོ་རྗེ་དབང་ཕྱུག །ཡུམ་གཉག་མོ་ལྕམ་མེའི་སྲས་སུ་ཆུ་མོ་ཡོས་ལ་སྐུ་འཁྲུངས། དགུང་ལོ་ལྔ་པ་ལ་མཉག་ཚར་ས་སྐྱ་པཎྜི་ཏར་སེམས་བསྐྱེད་གསུང་བ་ལ་མའི་སྤང་