R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 76
[A:76]པ་གཉིས། །ཚེ་འདིར་དགེ་སྟོབས་གང་ཆེ་ལགས། །སྒོམ་པའི་གནས་མཆོག་གང་ཞིག་ལེགས།། ཞེས་ཞུས་པས། ཇོ་བོ་ཉིད་སྟོན་པ་དངོས་སུ་གསལ་བའི་གསུང་སྙན་པོས། ཁྱོད་ཀྱིས་དང་པོར་བརྩམས་པ་ནས། །བརྩོན་པས་བསྒྲུབས་པས་ལུས་འདི་ཡིས། །སངས་རྒྱས་མཆོག་ཐོབ་འགྱུར་བ་ལ། །བརྩོན་པ་དོར་བ་མ་ལེགས་སོ། །འོན་ཀྱང་ངའི་ཐེག་ཆེན་ཆོས། །སྟོན་པར་འདོད་ན་འདི་རྣམས་བསྒྲུབས། །ལྷག་པའི་ལྷ་ནི་གྲུབ་པའི་ཕྱིར། །སྦྱིན་སྲེག་ལན་བརྒྱ་རྩ་བརྒྱད་ཀྱིས། །སྐུ་གཟུགས་འཇམ་དཔལ་རྩ་རྒྱུད་བཞིན། །སྐྱེ་བོ་མང་པོའི་ཚོགས་པར་བཞེངས། །གསང་སྔགས་གཞུང་གདམས་མ་ལུས་པ། བཤེས་གཉེན་བཟང་ལ་ལུང་ཐོབ་བྱོས།། རྒ་ནད་དབུལ་བས་སྡུག་བསྔལ་བའི། །མི་རྣམས་ཀྱི་ནི་མགོན་སྐྱབས་གྱིས། །དེ་ལྟར་ཁྱོད་ཀྱིས་བསྒྲུབས་གྱུར་ན། །ཡོན་ཏན་གེགས་ཀྱི་ལས་སྒྲིབ་སེལ། །རྟེན་འབྲེལ་འགྲིག་ནས་ཚེ་འདི་ལ། །ཡོན་ཏན་རྒྱ་ཆེན་སྐྱེ་འགྱུར་ཏེ། །འཇིག་རྟེན་གསུམ་གྱི་མགོན་པོ་དང་། །འགྲོ་བའི་ཡིད་བཞིན་ནོར་བུར་འགྱུར། །བྲག་གནས་རྡོ་རྗེའི་རྩེ་འདྲས་བརྒྱན། །མཐོ་བའི་དགོན་པར་སྐྱེ་བོ་རྣམས། །བྱང་ཆུབ་སེམས་མཆོག་ལ་བཀོད་ན། །སྡིག་སྤྱོད་རྒྱལ་པོས་གནོད་མི་འགྱུར། །བློ་ལྡན་གོང་ནས་གོང་དུ་འགྲོ། །ཞེས་ལུང་བསྟན་ཐོབ། དེར་ཆོས་རྒྱལ་སོགས་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱང་བྱོན་ནས། ཐུགས་དམ་དབུ་ཐོག་ཏུ་བཞག་ནས། དུས་ཀྱི་འཁོར་ལོའི་ཆོས་ཀྱིས་འགྲོ་བ་ལ་ཕན་ཐོགས་པར་ལུང་བསྟན། དེ་ནས་གསེར་སྡིངས་སུ་ཞི་བའི་སྦྱིན་བསྲེག་བརྒྱ་རྩ་མཛད། སོ་དགུ་པ་ལ་ཧོར་དམག་བོད་དུ་ལྷགས་དུས་སེམས་ཅན་མང་པོའི་སྲོག་སྐྱབས། བཟང་སྨན་གྲུབ་གླིང་གི་དགོན་པ་བཏབ། འགྲོ་མགོན་འཕགས་པ་དང་མཆིམས་ཆེན་པོ་ནས་རྫ་ཆུང་མ་ལ་ཆུ་རྡོའི་དཀའ་ཐུབ་ཞུས་པ་ཡན་ལ་བླ་མ་གྲངས་མེད་པ་བསྟེན། བོད་དུ་འགྱུར་རོ་འཚལ་གྱི་ཆོས་ཇི་སྙེད་པ་གསན་ཞིང་། ལན་རེ་གཟིགས་པ་ཙམ་གྱིས་མཁྱེན་པས་ཀུན་མཁྱེན་དུ་གྲགས་ལ། ཉིན་མཚན་གྱི་སྣང་བ་མཐའ་དག་འོད་གསལ་ཁོ་