[A:78]ནས་གསན། བདུན་པ་ལ་འཁྱོག་དཔོན་རྫོང་པའི་དྲུང་དུ་དགེ་བསྙེན་མནོས། དགུ་པ་ལ་འཁྱོག་ཞང་གིས་མཁན་པོ་རྫོང་པས་སློབ་དཔོན་མཛད་ནས་རབ་ཏུ་བྱུང་། མཚན་ཐུགས་རྗེ་བརྩོན་འགྲུས་སུ་བཏགས། ཉི་ཤུ་པ་ལ་གཡས་རུ་ཕྱི་འབུམ་དགོན་གསར་དུ་ལྷ་བཙུན་བསོད་ནམས་སྙིང་པོས་མཁས་པོ། མདོག་ལྷོད་པ་ཤཱཀྱ་བྱང་ཆུབ་ཀྱིས་ལས་སློབ། བསོད་བློ་བས་གསང་སྟོན་མཛད་ནས་དད་པའི་དགེ་སློང་ལྔ་བཅུའི་དབུས་སུ་བསྙེན་པར་རྫོགས། ཀུན་མཁྱེན་ཆོས་སྐུ་འོད་ཟེར། འགྲོ་མགོན་འཕགས་པ། སངས་རྒྱས་འབུམ། ཤངས་པ་དཀོན་བརྩེགས། ལྷ་བཙུན་དགོན་གསར་བ། རྡོ་རྗེ་འཆང་འཇམ་དབྱངས་པ། རིག་པའི་སེངྒེ། མདོག་ལྷོད་པ། མཁན་ཆེན་མཆིམས། མཁས་པ་སྙན་སྟོན་ལ་སོགས་པ་བླ་མ་དམ་པ་རྣམས་བསྟེན། མདོ་མངས། བྱམས་པ་དང་འབྲེལ་བའི་ཆོས་སྡེ་ཉི་ཤུ། མངོན་པ་གོང་འོག །ཚད་མ་སྡེ་བདུན། རིགས་གཏེར། ཀ་ལཱ་པ། སྨྲ་སྒོ་མཚོན་ཆ། འདུལ་བ་མདོ་རྩ། ལུང་སྡེ་བཞི། འབུམ། ཉི་ཁྲི། བརྒྱད་སྟོང་པ། སྡུད་པ། དེ་དག་གི་རྒྱ་འགྲེལ། སྤྱོད་འཇུག །བསླབ་བཏུས་རྣམས་གསན་ཞིང་མཁས་པར་སྦྱངས། ཁྲོ་ཕུ་བ་ལ་བདེ་ཆེན་རལ་གཅིག་སོགས་ཁྲོ་ཕུ་བའི་ཆོས་རྣམས་གསན། མ་འོངས་པ་ན་ཇོ་ནང་དུ་ཡུན་རིང་དུ་བཞུགས་ན་བསྟན་པ་ལ་ཕན་ཞེས་ལུང་བསྟན། འགྲོ་མགོན་ཕྱག་ན་གཤེགས་པའི་ཆོས་འཁོར་གྱི་ཚེ་ལུང་རིགས་སྨྲ་བའི་མཆོག་ཏུ་གྲགས། དེའི་དུས་ན་རྟོག་གེ་ལ་ཆུ་མིག་པ་སེངྒེ་དཔལ་མཁས་པར་གྲགས་པས། ཁོང་གིས་དཔལ་ཆོས་ཀྱི་གྲགས་པ་ལ་ལན་མེད་ཀྱི་ཐལ་འགྱུར་བཅུ་གསུམ་ཡོད་ཅེས་གསན་པས། ཁོང་སྣར་ཐང་ན་བཞུགས་པའི་དྲུང་དུ་བྱོན་ནས། ཁོང་གི་གྲུབ་མཐའ་ལ་ཞག་མང་པོའི་བར་དུ་རྩོད་ནས། དཔལ་ཆོས་ཀྱི་གྲགས་པའི་ལན་དུ་ངས་ཀྱང་ཁྱེད་ལ་ལན་མེད་ཀྱི་ཐལ་འགྱུར་འདི་རྣམས་སོང་བ་ཡིན་ནོ། །ཞེས་གྲངས་འཛིན་ཅིང་། ཕྱག་ལ་རི་མོ་མཛད། འཇམ་སྒེག་ལ་སོགས་པའི་མཁས་པ་ཆེན་པོ་རྣམས་ལུང་རིགས་ཀྱིས་བརྟུལ། ཆུ་མིག་གི་ཆོས་འཁོར་སྔ་མ་ལ་