R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 79
[A:79]ཕར་འདྲི་བ་དང་། ཕྱི་མ་ལ་ལན་འདེབས་པ་ལ་མགྲན་ཟླ་དང་བྲལ་བར་གྱུར་ཏོ། །དོན་མོ་རི་དང་འདར་ཆོས་སྡིང་དུ་ཕར་མངོན་དབུ་ཚད་ཀྱི་འཆད་ཉན་དང་། འཁྱོག་པོ་ཆེའི་གདན་ས་ལོ་མང་དུ་མཛད། དེའི་ཚེ་རྐྱང་འདུར་དུ་ཆོས་བར་ལ་བྱོན་ནས་ཀུན་མཁྱེན་ཆོས་སྐུ་འོད་ཟེར་བ་ལ། སྦྱོར་དྲུག་རིགས་མི་འདྲ་བ་མང་པོ་གསན་དུས། རྣམ་པ་ཐམས་ཅད་པའི་སྐུ་རགས་པ་བསམ་གྱིས་མི་ཁྱབ་པ་དང་། ཕྲ་བ་སེན་མོའི་སྟེང་ན་བཞུགས་པ་འཛམ་བུའི་གླིང་དུ་མི་ཤོང་སྙམ་པ་དང་། ནང་གི་དབང་པོ་དྲུག་ཏིང་ངེ་འཛིན་གྱི་ཡུལ་དྲུག་འབྱམས་ནས་འགྲོ་བ་བྱུང་། དེ་ནས་དུས་འཁོར་རྒྱུད་འགྲེལ། གསང་འདུས་འཕགས སྐོར། བདེ་མཆོག་རྩ་སྡོམ། ཀྱེ་རྡོར་ས་ལུགས། རྔོག་ལུགས། གདན་བཞི། མཱ་ཡཱ། ཡོ་ག །བྱ་སྤྱོད་ཀྱི་དབང་རྗེས་གནང་རྒྱུད་འགྲེལ་གཞུང་བཤད་མན་ངག་དང་། ལམ་འབྲས། རིམ་ལྔ། ནཱ་རོ། ནི་གུ། གྲུབ་སྙིང་སོགས་ཆོས་བུམ་པ་གང་བྱོར་གསན། གསང་མཚན་མི་བསྐྱོད་རྡོ་རྗེར་བཏགས། དེ་ནས་རྐྱང་འདུར་དུ་འཇམ་གསར་བའི་གདན་སར་བཞུགས་ནས་ཆོས་རྗེའི་དུང་བཏང་སྟེ་འཆད་རྩོད་རྩོམ་གསུམ་གྱིས་བསྟན་པ་རྒྱས་པར་མཛད། དོལ་པོ་བ་ཡེ་ཤེས་མགོན་པོ་ལ་སྲོག་རྩོལ་གསན་ཏེ། རྐྱང་འདུར་དུ་འདག་སྦྱར་མཛད་ནས་སྦྱོར་དྲུག་བསྒོམས་པས་ཉམས་འུར་ལངས་ཤིང་མངོན་ཤེས་ལྔ་གྲུབ། གེགས་ཀྱི་རྣམ་པ་མང་དུ་བྱུང་སྟེ། བདེ་བ་ཅན་དུ་གདན་འདྲེན་པ་ཡིན་ཟེར་ནས་བསུ་བའི་བཀོད་པ་བསམ་གྱིས་མི་ཁྱབ་པ་བྱུང་། དེའི་དུས་སུ་བུད་མེད་གཅིག་གིས་ལྡི་མིག་གཅིག་ཁྱེར་བྱུང་ནས། སྒོ་ཞིག་ལ་སྒོ་ལྕགས་རྒྱབ་འདུག་པ་དེ་ལ་བསྐལ་སོང་། དེ་སྒོ་ཕྱེ་ཞིག་ཅེས་པའི་བརྡར་དགོས་ནས་སྒོ་ཕྱེ་སྟེ། དེ་ནས་ལུས་སྦྱོང་གི་མན་ངག་བྱུང་པ་བཞིན་མཛད་པས། རླུང་ལྔ་སྟོབས་སུ་འགྱུར་ཏེ། རེས་ཕྱག་ཡ་རེ་ལ་མི་བདུན་བདུན་གྱིས་བཟུང་བ་ཕྱོགས་གཅིག་ཏུ་འཕངས་ཀྱང་གནོད་པ་མི་འབྱུང་། རེས་མི་མང་པོས་དགུལ་བསྐྱོད་མི་ནུས། རེས་བསིལ་བས་མི་རྣམས་འདར་ཞིང་འཁྱག །རེས་ཚ་གདུང་གིས་ལུང་པ་འགེངས་པ་བྱུང་ཞིང་། དེ་ཐམས་ཅད་