[A:80]ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱིས་དགེ་སྡིངས་ནས་གཟིགས་ཏེ་བྱོན་པ་ན། རྗེ་འདིས་ཀྱང་མཁྱེན་ནས་སློབ་མ་རྣམས་ལ་བླ་མ་འཇལ་བར་འདུག་གི་གསོལ་བ་ཐོབ་གསུངས། སང་བླ་མ་བྱོན་ཏེ་ད་རེས་ཁྱེད་གཤེགས་ན་སྐུ་བཞི་ལ་འབྱོར་པར་འདུག་སྟེ་གདུལ་བྱ་མང་པོའི་དོན་དུ་བཞུགས་དགོས་སོ་གསུངས་ནས་སྲོག་གེགས་དེ་བསལ་ནས། བདེ་བ་ཅན་དུ་བསུ་བ་དེ་རྣམས་ད་རེས་གདན་མི་འདྲོངས་པར་འདུག་ཟེར་ནས་གྱེས་པའི་སྣང་བ་བྱུང་། དུས་འཁོར་བ་ཤར་པ་ཡེ་ཤེས་རིན་ཆེན་པ་དང་། རྣལ་འབྱོར་སེང་འབུམ་སོགས་བོད་ན་སྦྱོར་དྲུག་མི་འདྲ་བ་ཡོད་ཟེར་ཚད་ལ་ཡང་གསན་པ་མཛད། མང་མཁར་གནས་གསར་དུ་བླ་མ་འཇམ་དཔལ་བ་ལ། མདོ་སྒྱུ་སེམས་གསུམ་གསན་པས་མནལ་ལམ་དུ་མཁར་བདུན་རིམ་སྐས་བདུན་བཙུགས་པ་ལ་འཛེགས་པས་རྩེ་མོར་ཕྱིན་ཏེ་ཏིང་ངེ་འཛིན་གྱི་སྣང་བ་རྒྱ་ཆེན་གཟིགས། ཉིན་ཕུག་པ་སངས་རྒྱས་འབུམ་ལ་རྫོགས་ཆེན། དེ་ནས་འཆད་ཉན་གྱི་སྤྲོས་པ་བཅད་དེ་ཁ་རག་ཏུ་བྱོན་ནས་དབྱར་བཞུགས་མཛད། དེ་ནས་རི་ཁྲོད་རྣམས་སུ་སྦྱོར་དྲུག་དང་དམར་ཁྲིད་བསྐྱངས་པས་ཀུན་སྤངས་པ་ཆེན་པོར་གྲགས། སེ་མཁར་ཆུང་གི་གཙུག་ལག་ཁང་བགོས་ཤིང་འབྲོག་མིའི་སྐུ་འབུམ་ལ་གསེར་གསོལ་བས། མི་མ་ཡིན་རྣམས་ཀྱིས་སེ་མཁར་ཆུང་བ་དེ་ད་ཡང་འདིར་བྱུང་ཞེས་སྒྲོག་པ་གསན། དེར་ཇོ་མོ་ནགས་རྒྱལ་མ་བྱུང་སྟེ། ཁྱེད་ལ་གནས་ལེགས་པ་གཅིག་འབུལ་ཞེས་ཞུ་བ་ལ་ལོ་གསུམ་ན་འབྱོན་པར་ཞལ་གྱིས་བཞེས། སྦྱོར་དྲུག་རྫོགས་པར་སྟོན་པ་བཀའ་ཉན་པར་བྱུང་པས་ལྷ་སར་བྱོན་ནས། ཇོ་བོ་རྣམ་གཉིས་ཁྱད་པར་དུ་བཅུ་གཅིག་ཞལ་གྱི་དྲུང་དུ་གསོལ་བ་དྲག་ཏུ་བཏབ་པས། ཁྲིད་ཡིག་བྲི་བ་དང་། ཁྲིད་རྫོགས་པར་བསྟན་པས་འགྲོ་ཕན་རྒྱ་ཆེན་པོ་འབྱུང་བའི་གནང་བ་ཐོབ། དེ་ནས་ལྷུན་པོ་རྩེ་སོགས་གཡས་རུ་རི་ཁྲོད་དུ་སྒྲུབ་པ་མཛད། དེ་ནས་ཇོ་མོ་ནང་དུ་ཕེབས་མ་ཐག་གདུལ་བྱ་འུར་ཏེ། གཙོ་བོར་དུས་འཁོར་རྒྱུད་འགྲེལ་གྱི་དུས་ཆོས་གསུང་ཞིང་སློབ་མ་བརྒྱ་སྟོང་མང་པོ་ལ་སྦྱོར་དྲུག་གི་ཁྲིད་ཚན་