[A:82]ལར་ཡང་ཕྱིན། བདེ་བ་ཅན། རིན་པོ་ཆེའི་པདྨོ་ཁ་བྱེ་བ་སོགས་སྐྱེ་སྒོ་མང་པོ་གདའ་ཡང་། མཚན་ཉིད་ཀྱི་དུས་ནས་བྱམས་པའི་དྲུང་དུ་སྒྲོ་འདོགས་བཅད་སྙམ་ནས་མདུན་པ་དྲག་པོས་རྟེན་འབྲེལ་སྒྲིགས་ཤིང་། ཁྲོ་ཕུ་བ་དང་དཔོན་སློབ་ཐམས་ཅད་རྟེན་འབྲེལ་འགྲིག་པ་ཞིག་བྱུང་པས། ང་འདི་ནས་བར་དོའི་རིགས་མཐུན་དུ་བྱས་ནས་སེམས་ཅན་དཔག་ཏུ་མེད་པ་བསྒྲལ། དེ་ནས་དགའ་ལྡན་དུ་འགྲོ་གསུངས་ནས་བྱང་སེམས་པ་གདན་སར་བསྐོར། བྱང་སེམས་སྐུ་ཁམས་འཁྲུགས་པ་ན། ང་འགྲོ་བའི་རྩིས་ཡིན་ཏེ། ང་སོང་ན་ཁྱེད་ཀྱང་གྲོངས་པར་འདུག་པས། ཁམས་སོས་ཀྱི་བར་དུ་ངས་བསྡད་དོ། །གསུངས་ནས་ཞག་ཉི་ཤུ་ལྷག་ཏུ་ཉིན་རེ་བཞིན་ཆོས་ཟབ་མོའི་འབྲེལ་གཏམ་མཛད། དོན་གཅིག་པ་ཆུ་གླང་དཔྱིད་འབྲིང་ཉི་ཤུ་ལྔའི་ཐོ་རངས་བྱང་སེམས་པ་ལ་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བའི་ཆོ་གས་རྡོ་རྗེ་དྲིལ་བུ་གནང་ནས། ཁྱེད་ཀྱི་ཁམས་ནི་སོར་ཆུད་འདུག །ད་ང་འགྲོ་བ་ཡིན། རོ་འདི་ཤི་མ་ཐག་བསྲེགས་ཀྱང་ཆོག །ང་རོའི་ནང་དུ་འོད་གསལ་བསྒོམ་ཞིང་སྡོད་བྱ་བའི་ལུགས་མིན། ཀུན་སྤངས་ཀྱི་བྱ་བ་མཐར་ཕྱིན། དགའ་སྤྲོ་དང་བཅས་པས་གསོལ་བ་ཐོབ་གསུངས་ཏེ་མྱ་ངན་ལས་འདས་སོ། །དེ་ནས་ཞག་བདུན་ན་སྐུ་གདུང་གཞུ་བས་དུས་འཁོར་ལ་སོགས་པའི་རྟེན་མང་པོ་དང་། རིང་བསྲེལ་ཡུངས་འབྲུ་ལྟ་བུའི་ཕུང་པོར་གྱུར། དགེ་འདུན་ཁྲི་ཕྲག་གཅིག་འདུས་ཏེ་སྐུ་འདས་མཆོད་བྱས། སྐྱིད་ཕུག་རུ་སྐུ་འབུམ་དང་། དགའ་ལྡན་དུ་སྐུ་འབུམ་ཆེ་བ་དང་། སྐུ་འདྲ་རིན་ཆེན་བཞེངས། འདི་ལ་སློབ་མའི་ཚོགས་རྒྱ་མཚོ་ལྟ་བུ་ལས་ཡོངས་སུ་གྲགས་པ་ནི། ཁྲོ་ཕུ་རིན་ཆེན་བསོད་ནམས་སེངྒེ། འཇམ་དབྱངས་བཞི་ཐོག་པ། ཀུན་སྤངས་གྲགས་རྒྱལ་བ། འཇམ་དབྱངས་མཁོན་སྟོན། ཐུགས་རྗེ་རིན་ཆེན་སོགས་ས་སྐྱ་པའི་ཆེན་པོ་རྣམས་དང་། བྱང་སེམས་རྒྱལ་བ་ཡེ་ཤེས། སོལ་སྟོད་པ་དབང་རྒྱལ། མུན་མེ་བྲག་ཁ་བ། སྲོན་པ་ཀུན་རྒྱལ་རྣམས་ལ་ཀུན་སྤངས་བུ་བཞིར་གྲགས་པ་དང་། ཤེས་རབ་འབུམ། ཀུན་མཁྱེན་འཕགས་འོད། མཁས་བཙུན་ཡོན་ཏན་རྒྱལ་