R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 83
[A:83]མཚོ། བུ་ཆེན་རིན་ཆེན་དཔལ་བཟང་རྣམས་སོ། །ཀུན་སྤངས་ཆེན་པོའི་ཐུགས་སྲས་ཀྱི་མཆོག་བྱང་སེམས་རྒྱལ་བ་ཡེ་ཤེས་ནི། ཡུལ་ཁམས་ཀྱི་རྡོག་མདོར། ཡབ་ཡོན་ཏན་ཤེས་རབ། ཡུམ་བཟང་མོ་ཞེས་བྱ་བའི་སྲས་སུ་མེ་མོ་སྦྲུལ་ལ་སྐུ་འཁྲུངས། ཆུང་ངུའི་དུས་ཆོས་རྗེ་ཀརྨ་པ་ཀྱིས་ཕ་དེ་མི་འདོད་པ་བཞིན་དུ་བླངས་ནས། བློ་གྲོས་སེངྒེ་དང་། མདོག་ཤཱཀྱ་བྱང་ཆུབ་ལས་རབ་ཏུ་བྱུང་། ཀརྨ་པ་ཀཱི་ལ་ཀརྨ་པའི་ཆོས་སྐོར་མཐའ་དག་གསན། དེ་ནས་དབུས་སུ་ཕེབས་ནས་མཚུར་ཕུར་ཀརྨ་པའི་གསོལ་ཀ་བ་ཡང་མཛད། ཀརྨ་པས་རི་ཁྲོད་འགྲིམ་ཞིང་རྩེ་གཅིག་ཏུ་བསྒོམས་ཤིག་དོན་གཉིས་འགྲུབ་བོ་ཞེས་ལུང་བསྟན། དེ་ནས་གསང་ཕུར་འོད་ཟེར་མགོན་པོ་དང་། ཟུལ་ཕུ་བ་བསོད་ནམས་རིན་ཆེན་ལས་བསྙེན་པར་རྫོགས་ཤིང་། མདོ་རྩ། ཕར་ཕྱིན། སྤྱོད་འཇུག་རྣམས་གསན། གཡའ་ལུང་པ་ལས་བྱམས་པའི་ཆོས་ལྔ། མངོན་པ། ལམ་རིམ་གསན། ཆོས་རྒྱལ་འཕགས་པ་ལས་སེམས་བསྐྱེད། བདེ་མཆོག །མ་ཡཱ་སོགས་གསན། འཇམ་དབྱངས་བཞི་ཐོག་པ་ལས་དུས་འཁོར་རྒྱུད་འགྲེལ། འཕགས་སྐོར། བདེ་དགྱེས། འཇིགས་བྱེད། རིགས ཚོགས་རྣམས་གསན། དུས་འཁོར་ཡེ་ཤེས་རིན་ཆེན་ལ་དུས་འཁོར་རྒྱུད་འགྲེལ་གསན། ཁ་ཆེ་པཎྜི་ཏ་བི་མ་ལ་ཤི། གྲུབ་པ་དཔལ། གྲག་ཆེན་པ་སོགས་བླ་མ་མང་པོ་ལས་སྡེ་སྣོད་རྒྱུད་སྡེའི་བཀའ་ཕལ་ཆེ་བ་གསན། ཁྱད་པར་ཇོ་ནང་དུ་ཀུན་སྤངས་ཆེན་པོ་གཙོ་བོར་བསྟེན་པས། དུས་འཁོར་སོགས་ཆོས་རྣམས་བུམ་པ་གང་བྱོའི་ཚུལ་དུ་གནང་། མངོན་ཤེས་ལྔ་གྲུབ། ང་བདུན་པ་ལ་ཇོ་མོ་ནང་གི་གདན་སར་བཞུགས་ནས་ཆོས་འདི་གཙོ་བོར་སྟོན་པའི་ཕྲིན་ལས་རྒྱས་པར་མཛད། དགའ་ལྡན་པ་ཀུན་བསོད་ལ་སོགས་པ་དགེ་བའི་བཤེས་གཉེན་ཆེན་པོ་མང་པོ་དང་། དཔོན་ཆེན་བྱང་རྡོར་ལ་སོགས་པའི་མི་ཆེན་པོ་རྣམས་ཀྱིས་ཀྱང་ཞབས་ལ་བཏུགས། མདོ་སྡེ་ལུང་སྦྱོར་ཆེ་ཆུང་རྒྱུད་སྡེ་ལུང་སྦྱོར་ཆེ་ཆུང་རྡོ་རྗེ་ཐེག་པའི་བཅུད་ལེན་སོགས་བསྟན་བཅོས་ཡང་མང་དུ་