[A:91]གྱིས་བཀང་། ཚལ་དང་གུང་ཐང་རྣམས་སུ་ཡང་ཐེགས། ཚལ་པ་ཁྲི་དཔོན་དང་གཞོན་རྒྱལ་དུ་དབེན་ཤཱ་སོགས་དཔོན་སྐྱ་མང་པོ་ཡང་དག་པའི་ལམ་ལ་བཀོད། སྐྱེ་བོའི་ཚོགས་འབུམ་ཕྲག་མང་པོས་སེམས་བསྐྱེད་བྱང་ཆུབ་ཏུ་སྨིན་པར་མཛད། ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབས་པ་སོགས་ངོ་མཚར་བའི་ལྟས་མང་པོ་བྱུང་། ཆོས་ལུང་ནས་བརྩམས་ཏེ་འདི་ཡན་ལ། སོར་བསམ་གྱི་ཁྲིད་ཐོབ་པས་ཉམས་རྟོགས་བཟང་པོ་དང་ལྡན་པ་ཤ་སྟག་སྟོང་ཉིས་བརྒྱ་འབྱུང་། དེ་ནས་གཙང་ནས་གདན་འདྲེན་དང་། རྒྱང་མཁར་རྩེ་ནས་དཔོན་འཕགས་པ་དཔོན་གཡོག་དང་། ཡར་འབྲོག་ཁྲི་དཔོན་རྡོར་རྒྱལ་གདན་འདྲེན་ལ་ཕེབས་པས། བྱི་བ་ལོ་ཟླ་བ་གཉིས་པའི་ཚེས་གཅིག་ལ་ཕྱོགས་རིས་ཀྱི་མཇལ་མི་མང་པོ་རྣམས་ར་མོ་ཆེ་ནས་ཉང་བྲན་བྲག་གདོང་གི་བར་ཕྲེང་མ་ཆད་པར་བསྒྲིགས་པ་ལ། འདོ་ལིའི་སྟེངས་ནས་བྱིན་བརླབས་ཚིམ་པར་གནང་། དེ་ནས་རྒྱལ་སྡེ་སྐར་ཆུང་། གསང་མདའ། སྙེ་ཐང་། རྣམ་རྒྱལ་སྒང་། འུ་ཤང་རྡོ། གྱེ་རེ། ཆུ་ཤུལ་གནས། རབ་བཙུན། གན་པ་གནས་གསར། གྲ་མ་ལུང་། དཔལ་སྡེ། ཡར་སྲིབ། ཉན་པོ། སྣ་དཀར་རྩེ། ཁ་བོ་གངས་བཟང་གི་མགུལ། ར་ལུང་། ཉང་རོའི་སྨན་ཆུ་ཁ། གནས་སྙིང་། ལྕང་ར། གནས་དཀར་པོ། གསེར་སྡིངས། ཞ་ལུ་མགུར་མོ། སྣར་ཐང་། ཁྲོ་ཕུ། བོ་དོང་ཨེ་ལ་སོགས་པ་རྣམས་སུ། བླ་མ་དགེ་བའི་བཤེས་གཉེན་དང་། མི་ཆེན་པོ་རྣམས་ལ་དུས་འཁོར་གྱི་དབང་ཁྲིད་གནང་། སྐྱེ་བོ་སྟོང་ཕྲག་མང་པོ་ཐེག་པ་ཆེན་པོ་ལ་བཀོད་ནས་ཇོ་མོ་ནང་དུ་ཕེབས། སྐུ་འབུམ་ཆེན་མོའི་བཟོ་གནས་ཕྲ་མོ་རྣམས་ལེགས་པར་གྲུབ་སྟེ། མཐོང་གྲོལ་གྱི་སྐུ་འབུམ་ཆེན་མོ་ལ། ཉི་གདན་གྱི་སྟེང་ནས་བསྐོར་བ་བྱེད། ཟླ་གདན་གྱི་སྟེང་ནས་མེ་ཏོག་འབུལ། ཁྱམས་ཁྲའི་ནང་དུ་གསུང་རབ་བལྟ། སོ་སོའི་སྒོ་ནས་ཕྱག་མཆོད་བྱེད། ཨེ་མ་སྐལ་ལྡན་ཀུན་དགའ་བར་བྱས་སོ། །ཞེས་གསུངས་ཤིང་ཐུགས་སྤྲོ་བས་བསྐོར་བ་མང་དུ་མཛད། ཕྱོགས་རིས་ནས་འདུས་པའི་བུ་སློབ་མང་པོ་ལ་རྒྱུད་འགྲེལ་མན་ངག་དང་བཅས་པ་གསུངས། སློབ་མའི་ཐུ་