R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 92
[A:92]བོ་རྣམས་ལ་ཡང་ཆོས་ཀྱི་ལྷག་མ་མ་ལུས་པར་བསྩལ། ལོ་མཚམས་པ་རྣམས་ལ་བུག་སྒོ་སོ་སོར་ཡུད་ཀྱིས་ཕེབས་ནས། གེགས་སེལ་དང་གདམས་པ་གནང་སྟེ་བདེན་པ་མཐོང་བར་མཛད། ཕལ་ཆེ་བས་ནི་འཕྲལ་དུ་གྲུབ་པའི་མཚན་མ་བསྟན་པས་ཆོས་རྗེ་ཡང་མཉེས། བདུན་ཅུ་པ་ལྕགས་མོ་གླང་གི་ལོ་ཧོར་ཟླ་བཅུ་གཅིག་པའི་ཚེས་ལྔའི་ཉིན་ཁྲིད་གསར་པ་རྣམས་ལ། བླ་མའི་རྣལ་འབྱོར་རྒྱས་པར་གནང་ནས་འདི་ལ་རྟེན་འབྲེལ་ཐམས་ཅད་སྒྲིག་དགོས། གལ་པོ་ཆེ་ཡིན་པས་སྒོམས་ཤིག །དེ་ནས་གདན་ས་བས་གནང་ངོ་གསུང་། ཚོགས་པ་ལ་ངེས་དོན་རྒྱ་མཚོའི་ཆོས་འཕྲོ་དེ་ཉིན་ཆེས་ཐུགས་གསལ་ཞིང་། གཟི་མདངས་ཆེ་བའི་རྣམ་པས་ལྷག་པར་གསུང་ཆེ་བར་གསུངས་ཏེ། འུ་ཅག་གི་ཆོས་བཤད་མཚམས་དེ་ཀ་ལ་བྱེད་པ་ཡིན་ནོ་གསུངས་ནས་ཆོས་འཕྲོར་བཞག །ཚེས་དྲུག་གི་ནམ་ལངས་མ་ཐག་འོད་གསལ་ལ་མཉམ་པར་བཞག་ནས་དགོངས་མོ་མྱ་ངན་ལས་འདས་ཏེ། མཁའ་ཁྱབ་མཁའི་རྡོ་རྗེ་ཅན་ཡིན་མོད་ནའང་། སྤྲུལ་པའི་སྐུ་ནི་ཞིང་བདེ་བ་ཅན་དུ་འབྱོར་པར་ཞལ་གྱིས་མཆེས་སོ། །ཞག་བདུན་གྱི་བར་དུ་གཟི་མདངས་ཇེ་ཆེར་སོང་ཞིང་། ཞལ་འཛུམ་སྟོན། གསང་བ་སྦུབས་སུ་ནུབ། དབུའི་གཙུག་ཏོར་འཕགས་པ་ལ་ཟླ་བ་བདུད་རྩིའི་ལུང་། ཕྱི་ནང་རྟེན་འབྲེལ་གནད་གཅིག་པས་གཙང་པོ་གྱེན་ལ་ལོག་སྟེ་གྲམ་པའི་མཐིལ་གྱི་རྡོ་མཐོང་བ་བྱུང་། གདུང་ཞུགས་ལ་ཞེན་པས་རིང་བསྲེལ་ཡུངས་འབྲུ་ལྟ་བུའི་ཕུང་པོར་གྱུར་ཅིང་། སྤྱན་རས་གཟིགས་ཀྱི་སྐུ་བྱོན། བདེ་བ་ཅན་དུ་ཚེ་དཔག་མེད་ཇོ་བོའི་སྐུ་ཚད་མ་དང་། སྐུ་འབུམ་ཆེན་མོར་སྐུ་འདྲ་མཐོང་བ་དོན་ལྡན་བཞེངས་པའི་ནང་དུ་རིང་བསྲེལ་ཕལ་ཆེ་བ་བཞུགས་སོ། །བདག་ཉིད་ཆེན་པོ་རིགས་ལྡན་སྤྲུལ་པའི་སྐུ་འདིའི་སློབ་མའི་ཐུ་བོ་ནི། ཀུན་སྤངས་ཆོས་གྲགས་དཔལ་བཟང་པོ། ས་བཟང་མ་ཏི་པཎ་ཆེན། ལོ་ཙཱ་བ་བློ་གྲོས་དཔལ། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། དཀོན་མཆོག་རྒྱལ་མཚན། ཆོས་དཔལ་མགོན་པོ། ཆོས་རྗེ་རིང་ཚུལ་