[A:53]བརྒྱད་ཀྱིས་དུམ་བུ་རེ་རེར་ཆོས་སྟོན་པ་ཉིད་དོ། །ལྔ་པ་ནི། རྭ་པ་རྣམས་རྒྱ་གར་ཤར་ཕྱོགས་ཨོརྩི་སར་རྣལ་འབྱོར་པ་གཅིག་ལ་སྲས་གཅིག་འཁྲུངས། དེ་རབ་ཏུ་བྱུང་ཙི་ལུ་པ་ཞེས་བྱ། སྡེ་སྣོད་མཐའ་དག་ལ་སྦྱངས་ཤིང་རིག་པའི་གནས་ལྔ་ལ་མཁས་པས་ཙི་ལུ་པཎྜི་ཏར་གྲགས། སྔགས་ཀྱི་སྡེ་སྣོད་ཐམས་ཅད་གསན། རཏྣ་གི་རི་བི་ཧ་ར་དང་། བི་ཀཱ་མ་ལ་ཤཱི་ལ་དང་། ནཱ་ལེནྡྲ་རྣམས་སུ་སྡེ་སྣོད་ཀྱི་སྤོ་ཏི་མཐའ་དག་གཟིགས་ཤིང་ཁྱད་པར་ཏུ་རུ་ཁའི་གནོད་པ་མི་འབྱུང་བ་རིན་ཆེན་རི་བོར་སྔགས་ཀྱི་སྤོ་ཏི་གཟིགས་པས་ཚེ་གཅིག་གིས་སངས་རྒྱས་འགྲུབ་པ་ལ་སྔགས་ཀྱི་ཐེག་པ་དགོས་ཤིང་། ཁྱད་པར་དུ་བྱང་ཆུབ་སེམས་དཔའི་འགྲེལ་པས་གསལ་བར་བྱས་པ་དགོས་ལ། དེ་ཤཾ་བྷ་ལ་ན་ཡོད་པར་མཁྱེན་ནས། ཡི་དམ་གྱི་ལྷས་ལུང་བསྟན་པ་ལ་བརྟེན་ནས། རྒྱ་མཚོར་ནོར་བུ་ལེན་པའི་ཚོགས་པ་དང་འགྲོགས་ཏེ། རྒྱ་མཚོ་ལ་བརྒལ་བ་ན་ཚོང་པ་རྣམས་དང་ཟླ་བ་དྲུག་གིས་འཛོམས་དུས་བྱས་ཏེ་སོ་སོར་ཞུགས་སོ། །དེ་ནས་སློབ་དཔོན་གྱིས་རིམ་གྱིས་བྱོན་པས་རི་གཅིག་གི་སྟེང་དུ་འཛེགས་པ་དང་མི་ཞིག་དང་ཕྲད་པས་དེ་ན་རེ། ཁྱོད་གར་འགྲོ་ཟེར་བ་ལ། ཤཾ་བྷ་ལར་བྱང་ཆུབ་སེམས་དཔའི་སྐོར་ཚོལ་དུ་འགྲོ་བྱས་པས། དེར་ཤིན་ཏུ་འགྲོ་དཀའ་སྟེ་ཤེས་པ་བྱུང་ན་འདིར་ཡང་མཉན་པས་ཆོག་མོད་གསུང་བ་དང་། འཇམ་དཔལ་གྱི་སྤྲུལ་པར་ཤེས་ཏེ། ཕྱག་བྱས་མཎྜལ་ཕུལ་གསོལ་བ་བཏབ་པས། དབང་རྒྱུད་འགྲེལ་མན་ངག་མཐའ་དག་གནང་ཞིང་རྗེས་སུ་བཟུང་ནས་མེ་ཏོག་གཅིག་སྤྱི་བོར་བཞག་སྟེ། བྱང་ཆུབ་སེམས་དཔའི་སྐོར་མ་ལུས་པ་ཁོད་དུ་ཆུད་པར་གྱུར་ཅིག་ཅེས་བྱིན་གྱིས་བརླབས་ནས། ཆུ་སྣོད་གཅིག་ནས་གཅིག་ཏུ་བྱོ་བ་ལྟར་བྱང་ཆུབ་སེམས་དཔའི་སྐོར་མ་ལུས་པ་ཁོང་དུ་ཆུད་པར་གྱུར་ཏོ། །ཚུར་བྱོན་པ་དང་ཚོང་པ་རྣམས་དང་འཛོམས་ཏེ། སླར་རྒྱ་གར་ཤར་ཕྱོགས་སུ་བྱོན་ནོ། །དེ་ནས་སློབ་དཔོན་དེས་ཀ་ཏི་ཀའི་རྒྱལ་པོའི་སར་བཞུགས་པས། སློབ་མ་གསུམ་བྱུང་། དེ་རྣམས་ཀྱིས་རྒྱུད་