R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 55
[A:55]བརྟུལ་ནས་སློབ་མར་གྱུར་ཏེ། ཁྱད་པར་དུ། མཉྫཀིརྟི་དང་། ཨ་བྷི་ཡུཀྟ་དང་། པཎྜིཏ་བོ་པ་དང་། དྷ་བྱང་ཆུབ་སེམས་དཔའ་དང་། ཨ་བྷ་ཡ་དང་། པུཎྜ་ཆེན་པོ་དང་། ཁ་ཆེ་གཉྫི་ར་དང་། ཤཱདྡྷ་གུལྟ་དང་། གུ་ན་རཀྵི་ཏ་དང་། ཟླ་མགོན་དང་། ཙ་མི་ལ་སོགས་པའི་མཁས་པ་མང་དུ་བྱུང་ཞིང་རྒྱལ་རིགས་རྗེ་རིགས་ཚོང་པ་ལ་སོགས་པ་རྣམས་ཀྱང་དད་ནས་དཔེ་འབྲི་ཞིང་བག་ཆགས་འཇོག་པ་མང་དུ་བྱུང་སྟེ་ཤིན་ཏུ་དད་པར་གྱུར་ཏོ། །དེ་ནས་བལ་པོ་ཡེ་རང་དུ་སྐུ་འཁྲུངས་པའི་པཎྜི་ཏ་ས་མནྟ་བི་བྷ་དྲ་མཁས་པ་ལྔ་ལ་གསན་ཅིང་། ཁྱད་པར་མཉྫ་ཀིརྟིའི་རྗེས་སུ་འབྲང་ངོ་། །འབྲོ་པ་ནི་ཤཾ་བྷ་ལ་ན་རྒྱལ་པོ་དཔལ་སྐྱོང་ཆོས་བྱེད་པའི་དུས་སུ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཡབ་ཡུམ་གཉིས་ཀྱིས། གཤིན་རྗེ་གཤེད་ཀྱི་རྒྱུད་ནས་འབྱུང་བ་བཞིན་དུ་རིགས་ཀྱི་སྲས་བསྐྲུན་པའི་ཆོ་ག་བྱས་པས་ཁྱེའུ་གཅིག་འཁྲུངས་ཏེ་ཆེར་སྐྱེས་པ་དང་ལྷོ་ཕྱོགས་ན། བྱང་ཆུབ་སེམས་དཔའ་དངོས་སུ་ཆོས་སྟོན་པ་སུ་ཡོད་པར་གྲགས་པར་ཉན་དུ་བྱོན་པ་ལ་ཁྱེའུའི་ལྷག་པའི་བསམ་པ་རྣམ་པར་དག་པ་དང་། ཆོས་ལ་འདུན་པ་དང་། ཤི་བྷ་ལར་འོངས་ནས་ཚེའི་བར་ཆད་དུ་འགྲོ་བར་མཁྱེན་ནས། དཔལ་སྐྱོང་བྱོན་ན་དེར་ཁྱེད་ཀྱིས་འགྲོ་བར་མི་ནུས་ཆུ་མེད་པའི་མྱ་ངམ་གྱི་ཐང་ལ་ཟླ་བ་བཞི་འགྲོ་དགོས་པས་སྲོག་གི་བར་ཆད་དུ་འགྲོ། ང་ཡིས་འོངས་ལ་བཤད་གསུངས་ནས་ཟླ་བ་བཞི་གསུངས། བུམ་པ་གང་བྱོའི་ཚུལ་དུ་མཁྱེན། ནང་བྱང་ཆུབ་སེམས་དཔའི་སྐོར་གསུམ་ལ་སོགས་པ་རྒྱུད་སྡེ་མང་པོ་ཐུགས་ལ་བཟུང་ནས་བྱོན་པས། འཇམ་དཔལ་གྱི་སྤྲུལ་པ་ཡིན་པར་གྲགས་ཤིང་། དེའི་མཚན་ཡང་དུས་འཁོར་ཞབས་ཞེས་ཟེར་རོ། །དེའི་དུས་ན་རྒྱ་གར་ན་དགེ་སློང་བློ་ཤིན་ཏུ་རྟུལ་བ་ཞིག་གི་བལྟས་བསྟན་པའི་རྨི་ལམ་ལ་བརྟེན་ནས། བྱི་རུ་ལ་ལྷ་མོ་ཀུ་རུ་ཀུ་ལླིའི་སྐུ་བྱས་ཏེ། བུད་མེད་རོའི་ཁར་བཅུག་ནས་རྒྱབ་དུ་དཀྱིལ་དཀྲུངས་བཅས་ཏེ་ཞག་བདུན་བསྒྲུབས་པས། ཁ་གྱེན་དུ་བལྟ་སྟེ་ཅི་འདོད་