[A:༡༢ན] རིགས་མི་འདྲ་བ་དུ་མས་གང་བའི་ཕྱག་གཉིས་ཀས་ཀ་པཱ་ལ་ཆང་གིས་བཀང་པ་གཅིག་བསྣམས་ནས། ཉིད་འདི་གསོལ་གསོལ་གསུང། ང་ཇོ་གདན་ཡིན་པ་ལ་བཏུང་བས་མི་འོང་ངོ་ཚ་དགོས་པ་གཅིག་ཐུགས་པ་འཁྲུངས་ཀྱང། བླ་མས་གནང་བ་ཡིན་པས་མཐུང་དགོས་དགོངས་ནས་གསོལ་བས། ཞལ་གྱི་ཟུར་ཕུག་དུ་དུམ་རེ་བོ་རྣལ་སད་དུས་ཞལ་ན་ཡར་ཀྱུར་དྲི་ཆིལ་བ་འདུག། དེའི་ནང་ཞོགས་ནམ་ལངས་པ་ན། ཆོས་རྗེ་ཕེབས་ཉིད་ཨེ་བདེ་གསུང། ངའི་ཀྱུར་དྲི་འདི་ཆོས་རྗེས་ཨེ་ཚོར་ན་དགོངས་པའང་བྱུང། དེའི་ཉམས་སྣང་ཆོས་རྗེ་ལའང་ཞུས། དེ་ནས་གཟུང་སྟེ་གསང་སྔགས་ཕྱི་ནང། རྒྱུད་སྡེ་གོང་འོག། ཐེག་པ་མཐོ་དམན་གང་ལའང་ཕྱོགས་རིས་མེད་པར་བློ་གྲོས་རྒྱས་པ་གཅིག་བྱུང། འོད་གསལ་གྱི་སྣང་བའང་རྒྱུན་ཆད་མེད། ཆོས་རྗེ་ལའང་སངས་རྒྱས་དངོས་ཀྱི་འདུས་ཤེས་བསྐྱེས། དེ་ནས་བཟུང་སྟེ། དབང་ལུང་མན་ངག་མང་པོ་གནང། ཤིན་དུ་མཉེས་པར་མཛད་དོ། ཆོས་རྗེས་རྒྱལ་སྲས་རིན་པོ་ཆེའི་དྲུང་དུ། སྨོན་འཇུག་གི་སྡོམས་པ་བླངས། བློ་སྦྱོང་དོན་བདུན་མ་དང། དོན་རྒྱད་མ་དང། མཚན་བྱང་འཁོར་ལོ་དང། རྨ་བྱ་དུག་འཇོམས་དང། སེམས་དཔའི་རིམ་པ་སོགས་བློ་སྦྱོང་གི་བསྐོར་དང། སྤྱོད་འཇུག་ཚར་གཅིག་བསན། གཞན་ཡང་གདམས་པ་མང་དུ་ཐོབ་གསུང། ཆོས་རྗེ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དྲུང་དུ་དུས་འཁོར་ཡོངས་རྫོགས་ཀྱི་དབང་དང། སྦྱོར་བ་ཡན་ལག་དྲུག་རྫོགས་པར་ཞུས། དུས་ཕྱིས་སེ་མཁར་ཆུང་དུ་དུས་འཁོར་གྱི་རྒྱུད་གསན། དེའི་དུས་ཆོས་གྲྭ་ན་གསའ་ག་ལི་འགྲེམས་པ་གསུམ་རྒྱ་རྩམ་དང། གསོལ་ཇ་བ་རྒྱུགས་པའི་ཆོས་དཔོན་བརྒྱད་བཅུ་རྩམ་ཡོད་པའི་ནང་ན་དུས་ཀྱི་འཁོར་ལོའི་ཚུལ་ལ་མཁས་པར་གྲགས། རྒྱུད་རྫོགས་པ་དང། རྗེའི་ཞལ་ནས་ཁོ་བོས་ཤེས་པའི་བཤད་པ་དེ་རྩམ་ཡིན། ཁྱེད་རྣམས་སོ་སོ་ནས་རྒྱུད་ཀྱི་དགོངས་པ་དང། གྲུབ་མཐའི་རྣམ་བཞག་རེ་བཞོག་ལ་ཡིག་ཆུང་རེ་ཁྱེར་བྱོན། ཁོ་བོའི་སེམས་དང་གང་མཐུན་པ་དེ་ལ་ཐེ་ཚོམ་བྱེད་པ་ཡིན་གསུངས་པས་