[A:༢༧ན] རྗེའི་བཀའ་ལུང་ཀྱང་ཡོད། ཅི་འདྲ་ཡིན་མི་ཤེས་དགོངས་ནས། རྣལ་འབྱོར་ཕོ་མོ་རྣམས་ཀྱི་ཁྲོད་དུ་འཁྱམས་པ་ན། སྐྱེས་ནས་ཟླ་བ་གསུམ་སོང་པའི་བུ་ཆུང་དེ་དང་འཇལ། དེའང་མཉེས་པའི་རྣམ་འགྱུར་མཛད་ཀྱི་འདུག་པ་དང། དེའི་སར་བྱོན་ནས་ཁྱོད་བློ་གྲོས་ཡངས་པའི་སྐྱེ་བ་ཨེ་ཡིན་ཞུས་པ་ན། དབུ་སྒྲིལ་གྱིན་འདུག། འོ་ན་དེ་བཞིན་གཤེགས་པའི་སྐུ་སྐྱེ་ཨེ་ཡིན་ཞུས་པ་ན། དབུ་ཕྱོགས་ཕྱོགས་མཛད། འོ་ན་ཚིགས་དཔྱད་གཅིག་གསུང་པར་ཞུ་ཞུས་པས། བྱིས་ཆུང་ཅོ་ཀས་སྒྲ་སྐད་འབུམ་ཕྲག་ཤེས་གྱུར་ཀྱང། སྒྱུ་མའི་ལུས་འདི་མ་ཚར་བར་དུ་སྒྲ་མི་བྱ། ང་ནི་སྐྱེ་མེད་རྗོད་པ་ཀུན་དང་བྲལ། གནས་མེད་གནས་བྲལ་འཁོར་བའི་འགྲོ་བ་རྣམས། མ་ལུས་ཐར་པའི་ས་ལ་འགོད་པའི་ཕྱིར། སྐྱེ་འགྲོ་ཀུན་གྱི་དཔལ་དུ་བདག་གྱུར་ཏེ། ཞེས་གསུངས་ནས་གོང་མའི་སྐུ་སྐྱེ་ཡིན་པར་ཞལ་གྱིས་གཞེས། དེ་ནས་ཁོང་གིས་ཞབས་ཏོག་མཛད། ཀརྨ་དང་འདི་ཕྱོགས་ན་ཡོད་པའི་སྒར་པ། གྲྭ་བུ་སློབ་ཡོན་བདག་དང་བཅས་པ་ལ། གསུང་འབུམ་ཐོག་མ་འདི་བཀུར། སྙན་པའི་གྲགས་པས་ས་སྟེངས་མ་ལུས་ཁྱབ་པར་བྱུང། རྡའི་གུ་ཤྲི་བློ་གྲོས་རྒྱལ་མཚན་པས་ཐོག་དྲངས་པའི། སྒར་པ་རྣམས་ཀྱི་གཞན་ཉེ་ལས་ཐོག་དྲངས་པའི། རྟེན་གསུམ་མཆོད་རྫས། ཕྱག་རྫས་ཀྱང་ཕལ་མོ་ཆེ་དྲངས་ཏེ། ཆོས་རྗེ་སྤྲུལ་སྐུ་རིན་པོ་ཆེའི་དྲུང་དུ་བྱོན། འཇལ་བ་དང། ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པས་ཐམས་ཅད་ཡིད་ཆེས་པར་གྱུར་ཏེ། སྟོན་པ་ཆེས་རིན་སོགས་ལ་མིང་ནས་སྨོས་ཏེ། དྲུང་སྐོར་བྱིན་ལ་མཉེས་པའི་རྣམ་འགྱུར་མང་པོ་བསྟན་པས། ཐེ་ཚོམ་གྱི་དྲ་བ་དང་བྲལ་ཏེ། གདུལ་བྱ་དཔག་མེད་འདུས་པ་རྣམས་ལ། ཆོས་ཀྱི་འབྲེལ་པ་གུང་ལོ་གཉིས་པ་ནས་གསགས་པ་ནི་འདི་ལྟ་ཏེ། ཧྲི༔ཡིག་ལས་སྐྱེས་བཅོམ་ལྡན་འདས།