[A:༣༥བ] བཟང་ལྡན་དུ་བྱོན། སྦྱོར་དྲུག་ཕོག་ཚར་བ་དང། ས་བཟང་དུ་ཕེབས་འདུག་པ་ལ། ཉེ་གནས་ཀྱིས་ཞུ་ཕོད་བྱས། དེ་ལ་ཆོས་རྗེའི་གསུང་གིས། དྲུང་དུ་ཞུ་ཕོད་མ་བྱེད་ཅིག མཁས་པ་གཉག་ཕུ་པ་ཤཱཀྱ་ཐུབ་པའི་གྲུབ་མཐའ་ལ་བཅུག་ཡོད་དོ། ཅེས་གསུང་སྐད། འདིར་ཡང། ཆོས་རྗེ་གཡག་ཕྲུག་པ་སོགས་རྩོད་པས་བརྟུལ། ཆོས་རྗེ་རོང་ཆེ་ཆུང་སོགས་བཤད་པས་བརྟུལ། ཐམས་ཅད་མཁྱེན་པའི་གཤེ་བཉེན་དྭགས་པོ་འོད་ཟེར་སེང་གེ་སོགས་ཀྱི་རྒྱུད་བྱིན་གྱིས་རླབས། གཟད་སྟོན་ཞི་མདང་འཇམ་བཟངས་སོགས་ཀྱི་བག་ཆགས་སད་པར་མཛད། གཞོན་ནུ་བློ་ལྡན་ལ་སོགས་པའི་མཁས་པའི་རློམ་པ་དང། རྒན་པོའི་རང་རྒྱལ་ཡོད་པ་རྣམས་ཟིལ་གྱིས་མནན་ཏེ། ཡང་དག་པའི་ལམ་ལ་བཀོད་ནས། ཆོས་དང་ཆོས་མིན་པ་རྣམ་པར་འབྱེད་པའི་བློ་གྲོས་ཀྱི་ང་རྒྱལ་ཐོག་པ་རྣམས་ཀྱང། རྗེ་འདི་ཉིད་ཀྱི་དྲུང་ན་ནི་ཤིན་ཏུ་ཞུམ་ལ་འདུད་པར་བྱེད། དུས་ཕྱིས་ནི་ངེས་པའི་མཐའ་ལ་ངེས་པ་འཁྲུངས་ཏེ། སྨྲ་བའི་གཙུག་རྒྱན་དུ་ཡང་ཁས་འཆེ་བར་སྣང་ངོ། ཁྱེད་ཐུགས་གཡོ་མེད་ཞི་གནས་གསལ་བའི་ངང། རང་ནི་འོད་གསལ་པྲ་ཕབ་ཇི་བཞིན་དུ། ལྐོག་གྱུར་རྣམས་ཀྱང་མངོན་སུམ་ལྷོང་བ་ན་། རྣམ་པར་གསུམ་ལྡན་ཆོས་རྗེའི་ཞབས་ལ་འདུད། དེ་ཡང་རང་གི་ཐུགས་དང་ནམ་མཁའ་དབྱེར་མེད་འདྲེས་ཏེ། ནམ་མཁའ་འཇིག་རྟེན་གྱི་ཁམས་སུ་ལུས་པ་མེད་པར་ཁྱབ་པས། སེམས་ཀྱང་ངོ་བོ་ངོས་བཟུང་དང་བྲལ་བ་ལ། བཤིས་ཅིར་ཡང་མ་གྲུབ་པ་ལ། སྲིད་པ་གསུམ་གྱི་གཟུགས་བརྙན་འཆར། གཟུགས་བརྙན་དེ་ཡང་རང་གི་སེམས་ལས་གཞན་མ་ཡིན། སེམས་ཁོ་རང་གཟུགས་བརྙན་གྱི་རྣམ་པར་ཤར་ནས། རྩིག་པ་དང་རི་ཁང་ཁྱིམ་སོགས་ཀྱིས་སྒྲིབ་མི་ནུས་པར་འདུག་ཅེས་ཀྱང་ལན་གཅིག་གསུང། མངོན་སུམ་དུ་གཟིགས་པར་འདུག་ཏེ། སྔོན་ནང་པ་གྲགས་པ་སེང་གེ་