[A:༣༦བ] པ་དཔོན་སློབ་ཀྱིས་ཕེབས་པ་བྱ་ར་བས་ནི་མ་མཐོང་པ་ལན་གྲངས་མང་དུ་བྱུང་ལ། བདག་གྲལ་བསྐོར་བྱེད་དུས་ཀྱང། ཞབས་དྲུང་དུ་མ་སླེབ་པ་ནས། ཇ་བསགས་སླེབ་ཕྲལ་གཞུང་འདི་དང་འདི་ཨེ་བྱུང་གསུང་བ་སོགས་དང། གཟིམས་གུར་ཡོལ་བས་ལེགས་པར་གཡོག་པ་ན། ཕྱི་ནས་ཕྱག་ཕུལ་དུས། གཟིགས་དོན་མེད་པ་ལ་འདིས་སླེབ་བྱུང་གསུང་བ་སོགས་དང། སྤྱད་པ་ཡེ་མ་རྙེད་པ་ན་འདི་སྐོར་ལ་ཨེ་འདུག་ལྟོས་གསུང་བ་དང། ཕྱག་དཔེ་ཕྲན་ཚེགས་དགོས་ནས་མ་རྙེད་པ་བྱུང་བ་ན། འདི་ན་འདུག་གསུང་བ་དང། ལྐོག་ཏུ་སྤྱོད་ལམ་ཅི་བྱས་གཟིགས་པ་སོགས་ཡོད་དེ། མངོན་པར་མཁྱེན་པ་མངའ་བའི་ཚུལ་ནི། སྐྱེས་མཆོག་འདི་ཉིིད་ཀྱི་ཡོན་ཏན་གྱི་ཆ་ཕྲ་མོ་ཙམ་དུ་བས་པས་ཡི་གེ་མངས་དོགས་མ་བྲིས་པ་ལགས། འགྲོ་བའི་མུན་སེལ་ཐར་པའི་ལམ་སྟོན་པའི། སྡོམ་བརྩོན་མཁས་གྲུབ་མཉེས་པ་ཀུན་གྱི་རྗེ། མི་རྗེད་གཟུངས་ཐོབ་སྟོབས་བཅུའི་སྟོབས་དང་ལྡན། རྒྱུན་དུ་འཇུག་པའི་ཕྲིན་ལས་ཅན་ལ་འདུད། དེའང་ཤེས་བྱའི་གནས་ཐམས་ཅད་ལ་བློ་གྲོས་ཀྱི་སྣང་པ་ཕྱོགས་མེད་དུ་རྒྱས་པས། འགྲོ་བ་མཐའ་དག་གི་བློའི་མ་རིག་པའི་མུན་པ་སེལ་བ། མཁྱེན་པའི་ནམ་མཁའ་ཡངས་པ་ལ། བརྩེ་བའི་ཉི་འོད་ཤར་ཏེ། ཐུགས་རྗེའི་འོད་སྟོང་ཕྱོགས་བཅུར་འཕྲོས་པས། ཐར་པའི་ལམ་པོ་ཆེ་གསལ་བར་སྟོན་པའི་སྐྱེས་ཆེན་དམ་པ། སྡོམ་པ་གསུམ་ལ་ལྷག་པར་གནས་ནས། རིམ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པའི་དོན་དབང་གིས། མཁས་ཤིང་བསྒྲུབ་པ་མཉེས་པ་ཀུན་གྱི་རྗེ་ཡིན་ཏེ། རྗེ་ཀརྨ་པ་ཆེན་པོའི་ཞལ་ནས། ད་ལྟོ་ལོ་བརྒྱ་ཙམ་ན་བྲམ་ཟེ་ཆེན་པོའི་སྤྲུལ་པ། དུས་གསུམ་མཁྱེན་པའི་རྣམ་སྤྲུལ་པ་ཆ་གཅིག་