[A:92]ནའང༌། ཆོས་དུང་ནར་མར་བཏང་ནས། གང་བྱུང་ལ་ནན་ཏན་གྱིས་གསུང་བའི་ཆོས་ཀྱི་སྦྱིན་པ་ཁོ་ན་གཙོ་བོར་མཛད། དུར་ཁྲོད་ནས་ཕེབས་པ་ལྟ་བུའི་སྐབས་སུ། ཟས་དང་གོས་ཀྱི་རྙེད་པ་ཁ་ན་མ་ཐོ་བ་མེད་པ་བཟང་ཞིང་གྱ་ནོམ་པས་དགེ་འདུན་གྱི་བསྙེན་བཀུར་ཡང་ཡང་མཛད་པས། བྱིས་པའི་བློ་ཅན་ཕལ་མོ་ཆེ་དག་ནི། དེ་ཁོ་ནས་ཚིམ་པའི་གཏམ་ཁོ་ན་རྣམ་ཐར་གྱི་གཙོ་བོ་བརྗོད་པར་བྱེད་དོ། ཁྱད་པར་བསྟན་པ་སྤྱིར་དགོས་ཀྱི་རྒྱུན་ལ་ཕན་པའི་ཕྱག་རྗེས་ནི། གདན་སར་ཕེབས་ནས་ལོ་དྲུག་འགྲོ་བ། ཆུ་མོ་ཡོས་ལ། གཟིམགཟིམས་ཁང་བདེ་བ་ཅན་གྱི་འགྲམ་གཏིང༌། དེ་ཡང་ཕྱི་ར་ཀ་བ་ཉི་ཤུ་རྩ་གཅིག་གི་ས་ལ། ཀ་བ་དྲུག་དྲུག་བཙུགས་པའི་ལྷ་ཁང་མདོ་ཕུག་གཉིས། ཐབ་ཁང་སྐྲས་ཁང་དང་བཅས་པ་མཛད། ལོ་གསུམ་གྱི་ནང་དུ་ལོགས་བྲིས་ཚུན་ཆོད་པར་གྲུབ་པའི་ནང་མ་ལ་རྒྱུད་སྡེ་བཞིའི་དཀྱིལ་འཁོར་ཆེ་ཆུང་འདྲེས་པ་བརྒྱ་དང་བཅུ་བཞི། དར་ཤམ་འོག་ཏུ་ལྷ་ཚར་གཉིས་ལ་དཀྱིལ་འཁོར་སོ་སོའི་བླ་མ་བརྒྱུད་པ། སྨད་ཀྱི་མཚམས་རྣམས་སུ། ཆོས་སྐྱོང་དུ་མ་འདོད་ལྷ་སྣ་ཚོགས། ཕྱོགས་སྐྱོང་བཅོ་ལྔ་དང་བཅས་པ། ལྷ་ཁང་ཕྱི་མ་ལ་བླ་མའི་སྐུ་འདྲ། སངས་རྒྱས་བྱངས་སེམས། ལྷ་མོ་ཁྲོ་བོ། ཆོས་སྐྱོང་རྣམས་ཀྱི་ཞིང་ཁམས་ཉི་ཤུ་རྩ་དྲུག གཙོ་བོ་སོ་སོའི་མཐའ་སྐོར་དུ། ཐུབ་པ་ལ་གནས་བརྟན་བཅུ་དྲུག འོད་དཔག་མེད་ལ་སངས་རྒྱས་སོ་ལྔ། སྒྲོལ་མ་ལ་ལྷ་མོ་ཉི་ཤུ་རྩ་གཅིག གཞན་ཕལ་ཆེར་ལ། རྒྱན་དྲུག་མཆོག་གཉིས་དང༌། བོད་དུ་བྱོན་ཚད་ཀྱི་པཎྜི་ཏ་དང་ལོ་ཙྭ་བས་བསྐོར་བ། དེ་དག་གི་མཐར་འོད་དཔག་མེད་སྟོང་རྩ་དུ་མས་བསྐོར་བ། ཀ་བ་བཅུ་གཉིས་པོ་ལ་འོད་དཔག་མེད་ཀྱི་སྐུ་དུ་མ་དང་བཅས་པ་མཚོན་གསེར་ཤིན་ཏུ་བཟང་པོའི་སྟེང་དུ་པྲ་རྩིས་ལེགས་པར་བསྣན་