[A:91]ངལ་ཀུན་སྤངས་ཏེ། །ཉིན་མཚན་ཀུན་ཏུ་བརྩེ་བས་འདོམས་མཛད་པའི། །བཀའ་དྲིན་མཚུངས་མེད་ཁྱོད་ལ་གུས་ཕྱག་འཚལ། །ཞེས་པ་སྟེ། གོང་དུ་བརྗོད་པ་ལྟར། ཆོས་རྗེ་རྣམ་གསུམ་དང༌། ཀུན་མཁྱེན་ཆེན་པོ་ལ་སོགས་པའི་ཐེག་ཆེན་ཐུན་མོང་མིན་པའི་དགེ་བའི་བཤེས་གཉེན་མཚད་ཉིད་ཡོངས་སུ་རྫོགས་པ་རྣམས་ཡུན་རིང་དུ་བརྟེན། རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པའི་གླེགས་བམ་རྣམས་ལ་ཉིན་མཚན་འཁོར་ཡུག་ཏུ་གཟིགས། དེ་ཡང་གཞན་གྱི་ཁ་འགྲམ་བཅོག་པར་འདོད་པའི་སློབ་གཉེར་བྱེད་ལུགས་ཀྱིས་གགས་ཐུག་ཆེན་མོའི་དུས་སུ་བསླུའོ་ཞེས་ཡང་ཡང་གསུང་ཞིང༌། རང་ཉིད་རང་རྒྱུད་འདུལ་བ་དང༌། གཞན་གྱི་སེམས་ལ་གང་ཕན་གྱི་གསན་སྦྱོང་མཛད་ལུགས་ཁོ་ན་མཛད་པས། མཐོ་རིས་དང་ཐར་པའི་ལམ་ལ་ཞུགས་པའི་སྐྱེས་བུ་གསུམ་གྱི་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གནད་མཐའ་དག་ལ་གཞན་གྱིས་མི་འཕྲོགས་པའི་རང་བྱན་ཆུབ། ལེགས་པར་ཉམས་སུ་བཞེས་པའི་མྱོང་བ་ཐོན། གནད་དུ་བསྣུན་ནས་གཞན་ལ་སྟོན་པའི་གསུང་ངག་བྱང༌། དེའི་སྟོབས་ཀྱིས་ཁམས་དང་དབུས་དང་མངའ་རིས་སོགས་དང༌། ཉེ་སྐོར་གྱི་དགེ་བའི་བཤེས་གཉེན་དང༌། དགོན་པ་སོ་སོའི་མཁན་པོ་བླ་མ་སོགས་དོན་དུ་གཉེར་བ་ཡང་མང་རབས་སུ་འབྱུང་ཞིང་དེ་རྣམས་ལ། རང་གིས་ནུས་ན། ནམ་ཕྱེད་ཀྱི་དུས་སུ། སྤྱན་སྔར་ཕྱིན་ནས། དབང་དང༌། ལུང་དང་རྗེས་གནང་དང་དམིགས་རིམ་ལྟ་བུ་གང་ཞུས་ནའང༌། དོ་ནུབ་འཕྱིས་འདུག་པས་སང་བྱེད་བྱ་བ་ལྟ་བུ་མི་གསུང་བར་གང་ཞུས་དེ་མ་ཐག་ཏུ། དཔེ་ཆ་ལ་གསུང་དགོས་པ་ཞིག་ཡིན་ནའང་ཕྱག་དཔེ་རྙེད་མ་ཐག་ཏུ་གསུང་བར་བདག་གིས་ལན་མང་དུ་ཉམས་སུ་མྱོང་ངོ༌། །རེས་འགའ་དོན་གཉེར་བ་མེད་པའི་སྐབས་སྲིད་