R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 10
[A:10]ཞེས་པས་ཏེ། འདི་ནི་སྤྱིར་མངོན་མཐོ་ལྷ་མིའི་ལུས་དང༌། ཁྱད་པར་དལ་འབྱོར་ཚང་བའི་ལུས་ནི། ཚེ་རབས་སྔ་མ་རྣམས་སུ། ཚུལ་ཁྲིམས་རྣམ་དག་བསྲུངས་པ་ལ་སོགས་པའི་དགེ་བ་མང་པོས་བསྒྲུབསྒྲུབ་དགོས་པར་ལུང་རྣམ་དག་ལས༑ རྒྱ་ཆེར་གསུངས་པ་རྒྱུ་མཚན་དུ་བྱས་ཀྱི་སྔ་མའི་ཚེ་རབས་འདི་ལ་འདི་དང་འདི་བྱས་སོགས་ཀྱི་སྔོན་གནས་རྗེས་སུ་དྲན་པའང་མེད་ལ། བྱིས་པའི་དུས་སུ་སྐྱེས་སྟོབས་སམ། ལས་བཟང་པོའི་ནུས་པས་སྐྱེ་བ་སྔ་མའི་བག་ཆགས་གཏམ་དུ་སྨྲས་པ་སོགས་ཀྱང་ཡོད་པར་མ་གྲགས་སོ། །དུས་ཕྱིས་ལམ་འབྲས་ཀྱི་ཆོས་སྐོར་ཕལ་ཆེར་ཆོས་རྗེ་ལོ་ཆེན་ནས་བརྒྱུད་དེ་ཆོས་རྗེ་སེམས་དཔའ་ཆེན་པོའི་དྲུང་དུ་ཐོབ་ཀྱང༌། ཆགས་མེད་དང༌། འཕྲུལ་འཁོར་གྱི་ཕྱག་ལེན་སོགས་ཞིབ་པ་མི་བཞུགས་པར་སྣང་བས། བཅོམ་ལྡན་ཆེན་པོ་གྲགས་པ་འཕེལ་བ། བྱིས་པའི་དུས་ནས་ཀྱི་བླ་མའང་ཡིན། ཐུགས་རྗེས་ཀྱང་ཤིན་ཏུ་འཛིན་པར་ཡོད་ཅིང༌། བླ་མེད་ཀྱི་དབང་བསྐུར་ཡང༌། མང་དུ་ཞུ་འཕྲོ་ཡིན་པ་ལ། ལམ་འབྲས་རྒྱ་ཆེར་བཞུགས་ཤིང༌། འཕྲིན་ལས་ཀྱང་ཤིན་ཏུ་ཆེ་བའི་དྲུང་དུ། བསྐྱར་ནས་ཞུ་ཁར། རྨི་ལམ་དུ་མི་དཀར་པོ་གཅིག་བརྔསསྔས་མགོར་བྱུང་ནས། ཁྱེད་ཤར་པ་ཡེ་ཤེས་རྒྱལ་མཚན་པའི་སྐྱེ་བ་ཡིན། འོག་དོང་ན་ཡོད་པའི་ལམ་འབྲས་ཀྱི་དཔེ་ཆ་རྣམས་མ་བཏོན་ན། རུལ་འགྲོ་བར་འདུག་གོ་ཟེར་བ་ཅིག་བྱུང༌། ཤར་པ་ནི། ཆོས་རྗེ་ངོར་པ་ཀུན་དགའ་བཟང་པོའི་རྩ་བའི་བླ་མ། ཆོས་འཇིག་རྟེན་གྱི་བཀའ་དྲིན་ཤིན་ཏུ་ཆེ་བ་ཞིག་དུ་སྣང་ཞིང༌། རྗེ་བཙུན་རེད་མདའ་བས། དུས་འཁོར་བཀག་པའི་ཚེ། ལན་ཐེབས་ཤོས་སུ་བྱེད་པ་ཞིག་ཡིན་པར་སྣང་ནའང༌། ཀུན་རིག་སོགས་ཀྱི་ཡིག་ཆ་འདྲ་བྱས་འདུག་པ་ནི། ཁོ་བོའི་རྣམ་ཤེས་ཀྱི་རྒྱུན་དུ་མངོན་པ་ཡེ་མི་སྣང་ངོ༌། །