R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 11
[A:11]སྤྱིར་གསུང་རབ་ལ་ཐོས་པ་མང་དུ་བསགས་པ་ཞིག་གི་རིགས་རྒྱུན་ཡིན་པར་ནི་རིགས་པས་གྲུབ་ཅིང༌། གྲུབ་མཐའ་འཇོག་ལུགས་སོགས་ཀྱི་བློ་རིག་དང་སྦྱར་ན། པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་ཀྱི་བུ་བཞིའི་ནང་ཚན། རྨ་བྱ་སྦྱང་བརྩོན་དང༌། འཇམ་གསར་ཤེས་རབ་འོད་ཟེར་དང༌། བློ་རིག་མཐུན་པར་སྣང་ངོ། ཁ་ཅིག་ཆོས་རྗེ་ལོ་ཆེན་ཡབ་སྲས། ཇོ་བོ་ཡབ་སྲས་སུ་གྲགས་ཤིང་གྲུབ་ལ། བཅོམ་ལྡན་ཆེན་པོ་ཁུ་སྟོན་དུ་གྲགས་པ་དང་སྦྱར་ཞིང༌། ཁྱད་པར་བཀའ་གདམས་གླེགས་བམ་གྱི། མ་འོངས་ལུང་བསྟན་གྱི། པུ་ཏོ་བ་ལུང་བསྟན་ལས། ལུས་བསྐྱེད་པའིཡི་ཕ་མ་དང༌། །སེམས་བསྐྱེད་པ་ཡི་བླ་མ་དག།མཚུངས་པར་རབ་ཏུ་བསྒྲུབ་བྱེད་ པ༑ ༑ཞེས་སོགས་དང༌། འདི་དང་གཏན་གྱི་ལུས་མཆོག་ཀུན། །ཞེས་སོགས་དོན་གཅིག་ཏུ་སྣང་བས། པུ་ཏོ་བའི་རིགས་རྒྱུན་ཡིན་ཞེས་ཟེར་མཁན་ཡོད་པ་འདྲ་ནའང༌། དེ་དག་རིགས་གསུམ་མགོན་པོའི་རྣམ་འཕྲུལ་དུ། ཡང་ཡང་གསུངས་པས༑ འོང་དོན་མི་སྣང་མོད་ཀྱི། སྤྱིར་ཇོ་བོ་ཡབ་སྲས་ཀྱིས་ལེགས་པར་བསྐྱངས་ཤིང་རྗེས་སུ་བཟུང་བ་ཞིག་ཏུ་གྲུབ་ལ། ཁྱད་པར་སྐད་གཉིས་ཀྱི་བག་ཆགས་དང༌། བོད་ཀྱི་ཆོས་རྒྱལ་ལ་ཤིན་ཏུ་མོས་ཚུལ་སོགས་དང་སྦྱར་ན། ནག་ཚོའི་སློབ་དཔོན་རྒྱ་བརྩོན་སེང་ཙམ་ལ་ནི་འགལ་བའང་མེད་དམ་སྙམ་སྟེ། ལེགས་སྤྱད་རིང་ནས་གོམས་པ་ཙམ་དུ་ལེགས་པར་གྲུབ་བོ། །ལུས་ཀྱི་ངོ་བོ་ནི། དལ་འབྱོར་བཅུ་ཡི་རྟེན་བཟང་ལེགས་པར་ཐོབ། །ཅེས་པ་སྟེ། དལ་བ་བརྒྱད་དང་འབྱོར་པ་བཅུའི་ངོས་འཛིན་གཞན་དུ་མང་པོ་བཤད་པ་རྣམས་མ་ཚང་བ་མེད་པར་ལྡན་པའོ། ། དེ་ཡང་ཡུལ་ཕྱོགས་ནི། གཙང་གཡས་རུའི་སྨད། ཆོས་རྗེ་ལོ་ཆེན་སྐྱབས་མཆོག་ཡབ་སྲས་གཉིས། བཅོམ་ལྡན་ཆེན་པོ་རྣམས་འཁྲུངས་ཡུལ་དང་