R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 9
[A:9]མཚམས༑ བཀའ་ཤོག་གསེར་ཞོ་ཉི་ཤུ་ལྷག་པའི་གནང་སྦྱིན། བསླབ་བྱ་དང་བཅས་པ་ཕེབས་ཤིང༌། བདེ་བར་གཤེགས་གཤེགས་ཀྱི་བར་དུ་ཤིན་ཏུ་དགྱེས་པར་མཛད་དོ། །ཨེ་མ་སངས་རྒྱས་ལ་ཡང་ཞིང་ཁམས་ཡོད། །བླ་མ་སོ་སོའི་བཞེད་པ་ཅིག་ཆར་དུ། །བསྒྲུབ་པའི་རྫུ་འཕྲུལ་བདག་གིས་མ་ཐོབ་པས། །ཤིན་ཏུ་དཀའ་བའི་ལས་འགའ་བྱུང་ན་ཡང༌། །རྩ་བའི་མཁན་སློབ་གཙོ་བོར་བཟུང་ནས་ནི༑ ༑བཀའ་དྲིན་བསམ་པའི་ཁུར་ཆེན་ལྷུར་བླངས་པས། །དགོངས་པ་གཞན་དུ་ཕྱོགས་པ་དུ་མས་ཀྱང༌། །ཤིན་ཏུ་དགྱེས་པའི་བསྔགས་པ་ཐོབ་པར་གྱུར། །གདན་སར་སླེབས་ནས་ཀྱང༌། རྩོད་དུས་ཀྱི་དབང་གིས་སྦྱིན་བདག་དང་གྲྭ་སར་གཏོགས་པ་འགའ་རེའི་རྒྱུད་ནག་ཕྱོགས་པས་བསྒྱུར་ནས་བར་ཆད་དང༌། ཐོ་འཚམ་པའི་རྣམ་པ་དུ་མ་ལོ་ཤས་ཀྱི་བར་དུ་བྱུང་བ་ལའང༌། གཙོ་བོར་བཟོད་པའི་ཕུབ་བཟུང༌། བྱམས་པའི་མཚོན་འཕྱར། སྙིང་རྗེའི་གཞུ་བདུང༌། ཐབས་མཁས་ཀྱིས་མདའ་ཕྱོགས་མེད་དུ་འཕངས་ཤིང༌། ཁྱད་པར་རང་བདེ་དོར་ནས། བླ་མའི་བཞེད་དོན་བསྒྲུབབསྒྲུབས་པས་བླ་མ་དམ་པ་རྣམས་ཀྱི་ཐུགས་རྗེ་དང༌། བྱིན་རླབས་ཀྱི་དཔུང་ཚོགས་ཡན་ལག་བཞིའི་མཐུ་དང༌། ནུས་པས། མི་མཐུན་ཕྱོགས་པའི་གཡུལ་ལས་རྣམ་པར་རྒྱལ་ཏེ། ཆོས་ཀྱི་རྒྱལ་སྲིད་དུས་སྐབས་ལ་ལྟོས་པའི་ཡར་འཕེལ་དུ་གྱུར་ཏོ། ། གཉིས་པ་ལ། དལ་འབྱོར་གྱི་སྐྱེ་བ་བླང་ཚུལ། ཚེ་འདི་ཡི་ཕུན་ཚོགས་ཡལ་བར་དོར་ཚུལ། དགེ་བའི་བཤེས་གཉེན་མཉེས་པར་བྱས་ཚུལ། གཞུང་ལུགས་ཀུན་ལ་ལེགས་པར་སྦྱངས་ཚུལ། རྒྱལ་བའི་བསྟན་པ་ལ་བྱ་བ་བྱས་ཚུལ་ལོ། ། དང་པོ་ལ། རྒྱུ་ནི། དགེ་ལེགས་ལེགས་སྤྱད་རིང་ནས་གོམས་པའི་མཐུས།།