R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 12
[A:12]ཤིན་ཏུ་ཉེ་བ། ལང་འགྲོ་ཁང་དམར་ཞེས་བྱ་བ་ཡུལ་གྱི་དགེ་བཅུ་ཚང་བའོ།། རིགས་ནི། བོད་ན་བྲམ་ཟེའི་རིགས་སུ་གྲགས་པ་མེད་པས། གཞན་གསུམ་གྱི་ནང་ནས་རྗེ་རིགས། རུས་ནི། ལྷ་ས་དན་འབག་ཏུ་སྔགས་པ་གཅིག་གི་བུ་མོས་ལྷ་ཁང་དུ་མར་མེ་སྤོར་དུ་ཕྱིན་པ་ན། ཁྲོ་བོ་ཤིན་ཏུ་སྣ་རིང་བ་ཞིག་གིས་སྤྱད་པ་ལས། ཁྱེའུ་སྣ་བོ་ཆེ་ཁྲོ་བོའི་ཆ་བྱད་ཅན་ལག་ན་ཁྲག་ལོང་བཟུང་བ་ཞིག་བྱུང་བ་ཚོགས་བདག་གི་བུར་གྲགས་པའི་བུ་བརྒྱུད། མི་རབས་འགའ་ན་ས་སྐྱ་པ་དང༌། སྟོད་ཧོར་འཐབ་པའི་ཚེ་དཔའ་བོ་བྱས་པ། ནག་པོ་བདུད་འདུལ་སྐད་པ་ཞིག་ལ། དཔའ་རྟགས་སུ་གཙང་གི་བོད་འབྲོག་གང་བཟང་བར་རེ་འདོམས་ཤིགཅེས་གནང་བ་ན་ལུང་ཕྲན་ཁ་ལྷོར་སྟན་པ་ལ་ལང་འགྲོ་དང༌། བྱང་སྟན་ལ་ལྷན་བཟང་ཟེར་བ་བྱུང་ནས་བརྟག་པས། ལང་འགྲོ་བཟང་བར་མཐོང་ཞིང༌། འབྲོག་སྦྲ་བོར་ཁྱུང་གསུམ་དུ་གྲགས་པ་ལས་བོ་རེ་འདོམས་ཏེ། ས་མཁར་མི་སྡེ་བསྐུལ་ནས་བརྩིགས་ཏེ་གནང་བ་ལ། ཤིན་ཏུ་བརྩོན་པས། ཧོར་དམག་གིས་སྟག་ཚང་དང་འཁྲུགས་ནས་ཕབ་པའོ། །མི་རྒན་བོད་འབྲོག་ལ་དབྱར་ས་དགུན་ས་བྱེད་པ་སོགས་ཀྱི་ཆབ་སྲིད་འཚམས་ཤིང་འབྱོར་པས་བརྒྱན་པའི་མི་བརྒྱུད་དྲུག་བདུན་གྱི་བར་དུ། དཔལ་ལྡན་ས་སྐྱ་པས་ལེགས་པར་བསྐྱངས་པའོ། །དེ་ཡང་ཁོ་བོའི་མེས་པོ་ཁང་དམར་བ་དཔོན་བསོད་ནམས་རྒྱལ་པོ་ནི། དབང་རྣམ་སྲས་རྒྱལ་མཚན་པའི་ཡིག་དཔོན་བྱས། རྗེ་བཙུན་འཇམ་དབྱངས་ལ་ལྷག་པའི་ལྷར་བཟུང་ནས། གསོལ་བ་རྒྱུན་ཏུ་འདེབས། ཚིགས་བཅད་རྩོམ་པ་ལ་ཐོགས་པ་མེད། འདིས་མཛད་པའི་འཇམ་དབྱངས་ཀྱི་བསྟོད་པ་སྨོན་ལམ་དང་སྡེ་བྱུས་ཀྱི་འཆགས་འཇིག་བྱུང་ཚུལ་སོགས་ཚིགས་བཅད་དུ་བྱས་པ་དང༌། རང་གི་རུས་རྒྱུད་ལའང༌། རོ་གྲིབ་