R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 13
[A:13]དམར་གྲིབ་བྱད་ཁ་ལ་སོགས་ཀྱིས། །མི་ཚུགས་སྔགས་འཆང་གནོད་སྦྱིན་རིགས་ཕྱིར་རོ། །ཞེས་སོགས་མང་དུ་མཐོང་ནའང། ཕྱིས་ཡི་གེ་རྣམས་བརླག་ནས་མ་རྙེད་དོ༑ ༑དེ་ལ་བུ་དཔོན་དོན་གྲུབ་རྒྱལ་པོ་དང༌། དཔོན་ཡིག་དཔལ་འབྱོར་བཟང་པོ་གཉིས་བྱུང་བ་ཁོ་བོ་ནི། དེ་གཉིས་ཁྱིམ་སོ་སོར་མ་གྱེས་གོང་དུ། ཤ་རུ་བླ་མ་མགོན་པོ་རྒྱལ་མཚན་ཞེས་བྱ་བ་ལ་ལུང་པ་འདིའི་ཤི་དགེ་གསོན་ལས་མཐའ་དག་བྱེད་པ་བུ་སློབ་མང་རགས་དང་བཅས་པ་ཞིག་གི་བུ་མོ་ལྔ་ཚར་ལྷ་མོ་སྐྱབས་ཞེས་བྱ་བ། བུད་མེད་ཀྱི་ཡོན་ཏན་དུ་མ་དང་ལྡན་པ་ཞིག་ཁྱིམ་ཐབས་སུ་བླངས་པ་ལས་སྐྱེས་སོ། །དུས་ནི། བསྟན་རྩིས་ཡོངས་གྲགས་ལྟར་ན་རྒྱལ་བ་མྱ་ངན་ལས་འདས་ནས་ལོ་གསུམ་སྟོང་ལྔ་བརྒྱ་དང་སུམ་ཅུ། དུས་འཁོར་ལུགས་ཀྱི་རྩིས་ལུགས་འཐད་ལྡན་ལྟར་ན། གཉིས་སྟོང་གཉིས་བརྒྱ་གྱ་གཅིག་འདས་པ་ས་སྐྱོང་ཞེས་བྱ་བ༑ ཤིང་མོ་བྱའི་ཧོར་ཟླ་བཞི་པ་ས་ག་ཟླ་བའི་ཚེས་གསུམ། སྐར་མ་སྨིན་དྲུག་ལ་སྐྱེས་སོ་ཞེས་མ་ལས་ཐོས་སོ། །གཟའ་སྦྱོར་སོགས་ཀྱང༌། འདོད་ན་བརྩིས་པས་གསལ་མོད་སྣང་ཆུང་ངོ༌། །ཕ་སྐུ་མཆེད་གཉིས་ཀྱང༌། བླ་མ་དང་དཀོན་མཆོག་ལ་དད་པ་དང༌། དཔོན་ས་ལ་གུས་པ་དང༌། འཁོར་འབངས་གཉེན་འདུན་ལ་བྱམས་པ་དང༌། ཤེས་རབ་ཆེ་ཞིང༌། ཁྱད་པར་ཕྱི་མ་ནི། སྐྱ་སྒོམ་གྱི་ཚུལ་དུ། རྗེ་བཙུན་འཇམ་དབྱངས་སོགས་ཀྱི་བསྒོམ་བཟླས་ལ་ཤིན་ཏུ་བརྩོན་ལ། རྒྱ་བོད་ཀྱི་རྒྱལ་རབས་དང་བསྟན་རྩིས་སོགས་ཀྱི་ཡིག་ཚང་ལ་ཤིན་ཏུ་འདྲིས་པས། འདིས་སྦྱར་བའི་ཡིག་ཚང་རྒྱས་འབྲིང་བསྡུས་པ་སོགས་མང་ངོ༌། །སྔ་མ་ནི། ཆོས་རྗེ་སེམས་དཔའ་ཆེན་པོས་མཁན་པོ་དང༌༑ རྒྱ་སྟོན་ཤཱཀྱ་བཟང་པོས་སློབ་དཔོན་མཛད་དེ་རབ་ཏུ་བྱུང༌། དགེ་སྦྱོང་ཤཱཀྱ་འོད་ཟེར་དུ་བཏགས། དགོན་པ་ལ་ཞེན་ཆེ་ཞིང་བླ་མ་